རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ1ཚེས་4ཉིན་ཨ་མེ་རི་ཁའི་ཨེ་ཨོ་ཝ་མངའ་སྡེའི་གྲོགས་པོ་སཱ་ལཱ་ལན་ཏིས་ལ་འཕྲིན་ལན་བསྐུར།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་དཀའ་སྡུག་སྣ་ཚོགས་མྱངས་ནས་མཉམ་ལས་ཀྱི་འབྲས་བུ་སྨིན་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ཧྲིལ་བོར་ཁེ་ཕན་ཐོབ་ཏུ་བཅུག་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཐད་ནས་བླངས་པའི་གྲུབ་འབྲས་དེ་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པའི་དྲིན་ཡིན་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་ཏུ་འབྲལ་ཐབས་མེད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་མ་འོངས་པ་ན་གཞོན་ཡིན། ཀྲུང་གོ་བས་ནམ་རྒྱུན་དཔེ་ཆ་ཁྲི་སྟོང་མང་བོ་བཀླགས་ནས་ལམ་ཐག་རིང་བོར་བསྐྱོད་དགོས་པར་བརྗོད་པ་ཡིན། བདག་གིས་ཕྱིན་ཆད་ཀྱི་ལོ་ལྔའི་ནང་ཨ་མེ་རི་ཁའི་ན་གཞོན་ཁྲི་ལྔ་ཀྲུང་གོར་བརྗེ་རེས་སློབ་སྦྱོང་བྱེད་པར་གདན་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན། དེ་ནི་སྔར་ལས་མང་བའི་ཨ་མེ་རི་ཁའི་ན་གཞོན་གྱིས་ཀྲུང་གོར་འཚམས་འདྲི་བྱེད་པ་དང་། རང་ཉིད་ཀྱི་མིག་ཟུང་ལ་བརྟེན་ནས་ཀྲུང་གོར་ལྟ་ཞིབ་བྱེད་པ་དང་རང་ཉིད་ཀྱི་རྣ་བས་ཀྲུང་གོའི་གཏམ་རྒྱུད་ཉན་ནས། རང་ཉིད་ཀྱི་རྐང་བར་བརྟེན་ནས་ཀྲུང་གོའི་མངའ་ཁོངས་འདོམ་གྱིས་འཇལ་ཏེ། དོན་དངོས་དང་ཕྱོགས་ཡོངས་ཀྱི་ཀྲུང་གོ་ཞིག་ཉམས་སུ་མྱོང་ཐོག་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་བརྩེ་བ་ཟབ་པའི་འབྲེལ་ཟམ་འཛུགས་དགོས། མཱ་སི་ཁཱ་ཡན་གྱི་སློབ་མ་ཚོ་ལས་གཞི་དེའི་ཁྲོད་ཞུགས་པར་བདག་གིས་དགའ་བསུ་ཞུ་བཞིན་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡིན་པས། གོ་ལ་འདིའི་མདུན་ལྗོངས་ལས་དབང་གི་དགོས་མཁོའི་ཁྲོད་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གཏན་འཇགས་ངང་ཇེ་བཟང་དུ་འགྲོ་དགོས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཤིང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གཏན་འཇགས་དང་བདེ་ཐང་། རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་བོ་བརྩོན་ལེན་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔར་ལས་མང་བའི་སྤྱི་བའི་ཐོན་རྫས་འདོན་སྤྲོད་བྱས་ནས། མཉམ་དུ་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་དཀྱེལ་ཡངས། དག་གཙང་མཛེས་སྡུག་གི་འཇིག་རྟེན་ཞིག་འཛུགས་སྐྲུན་བྱེད་འདོད་ཡོད་ཅེས་གསུངས།
ཉེ་སྔོན་ཨ་མེ་རི་ཁའི་ཨེ་ཨོ་ཝ་མངའ་སྡེའི་གྲོགས་པོ་སཱ་ལཱ་ལན་ཏིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཨ་མེ་རི་ཁའི་མཛའ་མཐུན་ཚོགས་ཁག་གིས་མཉམ་དུ་སྤེལ་བའི་དགའ་བསུའི་གསོལ་སྟོན་སྟེང་གི་གསུང་བཤད་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། སྐུལ་ལྕག་ཆེན་པོ་ཐེབས་ཡོད། དེའི་ནང་མ་འོངས་པའི་ལོ་ལྔའི་ནང་ཨ་མེ་རི་ཁའི་ན་གཞོན་ཁྲི་ལྔ་ཀྲུང་གོར་བརྗེ་རེས་སློབ་སྦྱོང་བྱེད་པར་གདན་ཞུ་བྱེད་པ་དེས་མི་སེམས་འགུལ་བར་བྱས་ཡོད་པ་དང་། མཱ་སི་ཁཱ་ཡན་མཐོ་འབྲིང་ཡང་འཆར་གཞི་དེའི་ནང་ཞུགས་པར་རེ་བཞིན་ཡོད། ཨ་མེ་རི་ཁ་དང་ཀྲུང་གོ་ནི་རྒྱལ་ཁབ་ཆེན་མོ་ཡིན་པའི་ཆ་ནས། ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས། དུག་རྫས། ས་ཁུལ་གྱི་འཁྲུག་རྩོད་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།