དབྱི་ལིང་གིས་ཁི་ཨར་མན་འགས་གཏོར་དོན་རྐྱེན་ལ་འབྲེལ་བའི་དོགས་ཡོད་ཉེས་ཅན་སོ་ལྔ་འཛིན་བཟུང་བྱས།
2024.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གསང་འཕྲིན་སྡེ་ཁག་གིས་དབྱི་ལིང་གི་ཞིང་ཆེན་དྲུག་ནས་ཁི་ཨར་མན་འགས་གཏོར་དོན་རྐྱེན་ལ་འབྲེལ་བའི་མི་སོ་ལྔ་འཛིན་བཟུང་བྱས་ཟེར།

དབྱི་ལིང་གསང་འཕྲིན་སྡེ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཁི་ཨར་མན་ཞིང་ཆེན་དང་ཞེ་སི་ཐན་དང་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན། ལིས་སཱ་ཧུའུ་ལོ་ཧྲན་ཞིང་ཆེན། དབྱེ་སི་ཧྥ་ཧན་ཞིང་ཆེན། ཏི་ཧེ་ལན་ཞིང་ཆེན། ཞི་ཨ་སེ་པེད་ཅང་ཞིང་ཆེན་བཅས་ནས་དོགས་ཡོད་མི་སྣ་སོ་ལྔ་འཛིན་བཟུང་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྟོག་ཞིབ་མཇུག་འབྲས་ལྟར་ན། ཨ་པུའུ་ཏུའུ་ལཱ་ཐཱ་ཅི་ཅི་ཞེས་པའི་ཐཱ་ཅི་ཁི་སི་ཐན་གྱི་མི་ཞིག་ནི་ཐེངས་འདིའི་འཇབ་རྒོལ་གྱི་འཆར་འགོད་མཁན་གཙོ་བོ་ཡིན་པ་དང་། རང་བཟོས་འགད་རྫས་བཟོ་བའི་ཆེད་མཁས་པ་ཡིན་ལ། འགུལ་སྐྱོད་ལ་རོགས་འདེགས་བྱེད་པའི་འགན་ཁུར་ཡོད་པ་རེད། མི་དེ་དང་ཁོར་འགེབས་སྲུང་བྱེད་པའི་བུད་མེད་དང་བྱིས་པ་དག་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་ཤར་ལྷོའི་མཐའ་མཚམས་བརྒྱུད་དེ་ཁྲིམས་འགལ་གྱིས་དབྱི་ལིང་མངའ་ཁོངས་སུ་ཡོང་བ་རེད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ནང་སྲིད་པུའུ་ཀྲང་ཝ་ཞི་ཏིས་ཀྱིས་ཉིན་དེར་བཤད་རྒྱུར། འགས་གཏོར་འཇབ་རྒོལ་ལ་འབྲེལ་བ་ཡོད་པའི་མི་མང་བོ་འཛིན་བཟུང་བྱས་ཡོད་པ་དང་། ཁོ་ཚོའི་སྒྲིག་ཆས་རེ་འགའ་ཡང་བརྩད་ཆོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།