ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་ནུབ་མ་དང་སཱ་ཧི་ལེ་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཏའེ་པེན་གྱིས་ཚེས་བཅུ་གཅིག་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཨ་ཧྥེ་རི་ཁ་ནུབ་མ་དང་སཱ་ཧི་ལེའི་གནད་དོན་ལ་ཡོངས་བསྒྲགས་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་བོ་ནས་ས་ཁུལ་དེའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཏའེ་པེན་གྱིས་བཤད་རྒྱུར། ན་ནིང་གི་ཚུན་ལ། ཨ་ཧྥེ་རི་ཁ་ནུབ་མ་དང་སཱ་ཧི་ལེ་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱ་བ་མང་བོ་བསྒྲུབ་ཡོད། དེའི་ཞོར་དུ་ས་ཁུལ་གྱི་གནས་བབ་སྔར་བཞིན་དཀའ་ཁག་དང་འགྲན་རྩོད་མི་ཉུང་བར་འཕྲད་ཡོད། རྒྱལ་ཁབ་རེ་འགའི་ཆབ་སྲིད་གནས་བབ་བསྟུད་མར་ཟང་ཟིང་དུ་གྱུར་བ་དང་རྒྱལ་ནང་གི་སྤྱི་ཚོགས་འགལ་བ་འབུར་ཐོན་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་དེའི་རྒྱལ་ཁབ་དག་གིས་རང་རང་གི་གནས་ཚུལ་གཞིར་བཟུང་ནས་རང་བདག་གིས་འཕེལ་རྒྱས་བགྲོད་ལམ་གདམ་གསེས་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཕྱི་ཕྱོགས་ནས་ཤུགས་སྣོན་པའི་བཅོས་སྐྱོང་རྣམ་པས་དམངས་གཙོ་བཅོས་བསྒྱུར་སྤེལ་ན། ཟང་ཟིང་གི་འབྱུར་རྩ་ཐག་གཅོད་བྱེད་ཐབས་མེད་པ་དང་ཐ་ན་ཟིང་འཁྲུག་གསར་བ་འབྱུང་དུ་འཇུག་སྲིད་པ་དོན་དངོས་ལས་ར་སྤྲོད་བྱུང་ཡོད་ཟེར།

ཏའེ་པེན་གྱིས་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མ་དང་སཱ་ཧི་ལེའི་རྒྱལ་ཁབ་དག་དུས་ཡུན་རིང་བོར་རྒྱལ་སྤྱིའི་འཇིགས་སྐུལ་ངོ་རྒོལ་གྱི་མདུན་གྲལ་དུ་གནས་པ་དང་། ཐལ་སྤྱོད་འཇིགས་སྐུལ་སྟོབས་ཤུགས་སྔར་བཞིན་ཁ་དར་ཡོད་ལ། སཱ་ཧི་ལེ་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་མཉམ་ལས་དཀའ་ཁག་གི་གནས་སུ་ལྷུང་ཡོད། ཐུན་མོང་གི་འགྲན་རྩོད་མདུན་ནས་ས་ཁུལ་དེའི་རྒྱལ་ཁབ་དག་གིས་ཐུན་མོང་བདེ་འཇགས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འཇིགས་སྐུལ་ངོ་རྒོལ་གྱི་མཉམ་ལས་ཁྲོད་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་བྱེད་པ་དང་། འཇིགས་སྐུལ་ངོ་རྒོལ་གྱི་འཐབ་ཕྱོགས་སྟེང་ལས་རིམ་སོ་སོ་ཇེ་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔོན་ཆད་ཀྱི་ཉམས་མྱོང་དང་བསླབ་བྱར་སྤྱི་བསྡོམས་བྱེད་པ་དང་། སྔར་ལས་དངོས་གཉེར་ནུས་ལྡན་གྱི་ཐབས་ལ་བརྟེན་ནས། ས་ཁུལ་དེའི་རྒྱལ་ཁབ་དག་གིས་རང་བདག་གི་འཇིགས་སྐུལ་ངོ་རྒོལ་གྱི་ནུས་པ་མཐོར་འདེགས་བྱས་ཏེ། གང་མགྱོགས་སྒོས་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་མཉམ་ལས་སླར་གསོ་བྱེད་དགོས་ཟེར།

ཏའེ་པེན་གྱིས་བཤད་རྒྱུར། ན་ནིང་གི་ཚུན་ལ། ཨ་ཧྥེ་རི་ཁ་ནུབ་མ་དང་སཱ་ཧི་ལེའི་རྒྱལ་ཁབ་དག་གི་དཔལ་འབྱོར་འཕར་ཚད་ཇེ་དལ་དུ་སོང་བ་དང་། དངུལ་ལོར་ཚད་བརྒལ་འགྲེམ་པ་ཚབས་ཆེན་དུ་གྱུར་ཡོད་ལ། འབྲུ་རིགས་བདེ་འཇགས་ཉམས་ཉེན་དང་མི་ཆོས་ཉམས་ཉེན་སོགས་འགྲན་རྩོད་མང་བོར་འཕྲད་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་དེའི་རྒྱལ་ཁབ་དག་གིས་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་སུ་གཏོང་བ་དང་། ལས་ཞུགས་ཡོང་འབབ་འཕར་བ། དམངས་འཚོའི་ལེགས་བཅོས་བཅས་ཀྱི་ཐད་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།