ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱས་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།
2024.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་བཅུ་གཅིག་ཉིན་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་དབུས་ཤར་ས་ཁུལ་གྱི་གནས་བབ་དང་། ཁྱད་པར་དུ་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་དང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་བསྒྲགས་པ་ལྟར་ན། སེ་ཞི་ཡིས་པུའུ་ལིན་ཁུན་ལ་བསྟན་དོན། ཨེ་ཅིབ་ཀྱིས་ཕྱོགས་སོ་སོའི་བར་འབྲེལ་འདྲིས་ཏེ། ཅཱ་ཧྲ་ས་ཁུལ་དུ་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་འདང་ཚིམས་པ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཐག་གཅོད་བྱེད་བཞིན་ཡོད་ཟེར། སེ་ཞི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་པའི་འགན་འཁྲི་ཁུར་དུ་བླངས་ནས། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་དཀའ་ཁག་མཇུག་སྒྲིལ་བ་དང་དྲང་བདེན་དང་ཕྱོགས་ཡོངས་ནས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

པུའུ་ལིན་ཁུན་གྱིས་བསྟན་དོན། ཨ་མེ་རི་ཁས་ཨེ་ཅིབ་ཀྱིས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་སྲ་བརྟན་དུ་གཏོང་བའི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར། སེ་ཞི་ཡིས་བསྟན་དོན། ཨེ་ཅིབ་ཀྱིས་མུ་མཐུད་དུ་ཨ་མེ་རི་ཁའི་བར་མཐུན་སྦྱོར་བྱས་ནས། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་རེ་བཞིན་ཡོད་ཟེར།

ཕྱོགས་གཉིས་ཀྱིས་བསྟན་དོན། ཕཱ་ལེ་སི་ཐན་གྱི་མི་རྣམས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ནས་མཐར་སྐྲོད་གཏོང་རྩིས་བྱེད་པའི་གཡོ་ཇུས་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དེ་ས་ཁུལ་གྱི་གཏན་འཇགས་མངོན་འགྱུར་བྱེད་པའི་རྨང་གཞིར་བྱེད་རྒྱུ་ཁས་ལེན་བྱས། ཕྱོགས་གཉིས་ཀྱིས་མིག་སྔའི་གནས་བབ་ཐད་ནས་གྲོས་མོལ་བྱེད་རྒྱུ་མ་ཟད། ཕྱོགས་ཁག་གཞན་པའི་བར་འབྲེལ་འདྲིས་བྱས་ནས་གནས་བབ་ཞི་འཇགས་སུ་གཏོང་བ་དང་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པར་ཡིད་འཐད་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།