དབྱི་ལིང་མཚོ་དམག་གིས་ཨ་མེ་རི་ཁའི་སྣུམ་འདྲུད་གྲུ་གཟིངས་ཤིག་བཀག་འཇུག་བྱས།
2024.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་མཚོ་དམག་གིས་ཚེས་བཅུ་གཅིག་ཉིན་ཨ་མན་མཚོ་ཁོངས་ནས་ཨ་མེ་རི་ཁའི་སྣུམ་འདྲུད་གྲུ་གཟིངས་ཤིག་བཀག་འཇུག་བྱས་ནས། ཨ་མེ་རི་ཁས་དབྱི་ལིང་གི་རྡོ་སྣུམ་རྐུ་འཕྲོག་བྱས་པར་འཁོན་ལན་སློག

བསྒྲགས་པ་ལྟར་ན། དབྱི་ལིང་གི་གྲུ་ཁ་དང་མཚོ་དོན་རྩ་འཛུགས་ཀྱིས་ངོས་ལེན་བྱས་པ་བརྒྱུད། དབྱི་ལིང་མཚོ་དམག་གིས་དབྱི་ལིང་ཁྲིམས་འཛིན་སྡེ་ཁག་གི་བཀའ་རྒྱ་ལྟར་སྣུམ་འདྲུད་གྲུ་གཟིངས་དེ་བཀག་འཇུག་བྱས་པ་རེད། སྣུམ་འདྲུད་གྲུ་གཟིངས་དེར་སྔོན་ཆད་སུའུ་དབྱེ་ཧྲི་ལཱ་ཀྲན་རྟགས་ཅན་ཞེས་སུ་འབོད་པ་དང་། ན་ནིང་ཨ་མེ་རི་ཁའི་བཀའ་ལྟར་དབྱི་ལིང་གི་རྡོ་སྣུམ་རྐུ་འཕྲོག་བྱས་ཏེ་ཨ་མེ་རི་ཁར་སྤྲད་པ་རེད།

བསྒྲགས་པ་ལྟར་ན། སྣུམ་འདྲུད་གྲུ་གཟིངས་དེའི་མིང་ཧྲིན་ནེ་ཀུའུ་ལཱ་སི་རྟགས་ཅན་དུ་བསྒྱུར་ཡོད་ལ། ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་ཨ་མན་མཚོ་ཁོངས་ནས་རྡོ་སྣུམ་སྐྱེལ་འདྲེན་བྱེད་སྐབས་དབྱི་ལིང་མཚོ་དམག་གིས་བཀག་འཇུག་བྱས་པ་རེད། སྣུམ་འདྲུད་གྲུ་གཟིངས་དེ་མིག་སྔར་དབྱི་ལིང་གྲུ་ཁར་བསྐྱལ་ཡོད་ལ། དབྱི་ལིང་ཁྲིམས་འཛིན་སྡེ་ཁག་ལ་སྤྲོད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།