དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་གསུམ་བསད།
2024.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཕཱ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་གསུམ་བསད་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞེ་པའོ་ལོན་གྲོང་ཁྱེར་ཉེ་འདབས་སུ་སྐོར་གཡེང་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་དེའི་རྗེས་སུ་མྱུར་མོར་རྒོལ་ལན་སྤྲད་ནས་དྲག་ཆས་ཉེས་ཅན་གསུམ་བསད། དོན་རྐྱེན་དེ་མ་བྱུང་གོང་འཇིགས་སྐུལ་ཉེས་ཅན་ཞིག་ཉེ་འདབས་ཀྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་ཞིག་ཏུ་ཡོང་བས། དབྱི་སི་རལ་གྱི་དམག་དཔུང་གིས་སྔར་བཞིན་ས་ཁུལ་དེར་སྔོག་བཤེར་བྱེད་བཞིན་ཡོད་ཟེར།

གཞན་ཡང་དབྱི་སི་རལ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་གསུམ་གྱིས་ཉིན་དེའི་དགོང་མོར་ཞེ་པའོ་ལོན་ཉེ་འདབས་སུ་འཇབ་རྒོལ་བྱས་པ་དང་། དེའི་རྗེས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་མེ་མདས་བརྒྱབ་ནས་བསད། འཇབ་རྒོལ་དོན་རྐྱེན་དེ་ལས་དབྱི་སི་རལ་གྱི་མི་གཅིག་ལ་རྨས་ཕོག་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་དྲག་ཆས་ཕྱོགས་ཁག་ཨ་ཁི་སཱ་སྔོན་གཤེགས་དཔའ་བོའི་སྟོང་ཤོག་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།