མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་གྱི་བཀག་འགོག་དབང་གིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་རོགས་སྐྱོར་བྱེད་དཀའ་བའི་ཚུལ་བསྟན།
2024.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བཅུ་གཅིག་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་སི་རལ་གྱིས་བཀག་འགོག་བྱས་པའི་དབང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ལོའི་ཚུན་ལ་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་རོགས་སྐྱོར་འགུལ་སྐྱོད་འཆར་གཞིར་ནུས་ཡོད་སྐུལ་འདེད་གཏོང་དཀའ་བར་གྱུར་ཡོད་ཟེར།

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། ཟླ་དང་པོའི་ཚེས་གཅིག་ཉིན་ནས་ཚེས་བཅུ་ཉིན་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་ཅཱ་ཧྲའི་ཀན་ཧི་ཆུ་བོའི་བྱང་ངོས་ས་ཁུལ་དུ་རོགས་སྐྱོར་འདོན་སྤྲོད་བྱེད་པའི་འགུལ་སྐྱོད་འཆར་གཞི་ཐེངས་ཉེར་གཅིག་སྤེལ་བའི་ཁྲོད་ཐེངས་གསུམ་མ་གཏོགས་ལེགས་འགྲུབ་བྱུང་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེངས་མང་བོར་ཅཱ་ཧྲ་མཁར་དུ་སྨན་བཅོས་མཁོ་དངོས་འདོན་སྤྲོད་བྱེད་པ་དང་། ཅཱ་ཧྲ་མཁར་དང་བྱང་ངོས་ས་ཁུལ་དུ་ཆུ་འདོན་སྤྲོད་བྱེད་པ་དང་འཕྲོད་བསྟེན་སྒྲིག་ཆས་ལ་འབར་རྫས་འདོན་སྤྲོད་བྱེད་པའི་འགུལ་སྐྱོད་འཆར་གཞི་ཚང་མ་དབྱི་སི་ལན་དབང་འཛིན་ལས་ཁུངས་ཀྱིས་ཁས་ལེན་མ་བྱས་ཟེར།

ཏིས་ཡཱ་ལི་ཁི་ཡིས་བསྟན་དོན། དབྱི་སི་རལ་གྱིས་ཡང་དང་བསྐྱར་དུ་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་ཁས་ལེན་མ་བྱས་པ་དང་བདེ་འཇགས་རྒྱུ་ལམ་འདོན་སྤྲོད་མ་བྱས་པའི་དབང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ཆེན་པོ་བསྐང་ཐབས་མེད་ཟེར།

ཁོས་བཤད་རྒྱུར། ན་ནིང་གི་ཟླ་བཅུ་གཉིས་པ་དང་བསྡུར་ན། ཟླ་དང་པོ་ནས་ད་ལྟའི་བར་གྱི་རོགས་སྐྱོར་འདོན་སྤྲོད་བྱས་ཚད་བསྟུད་མར་ཇེ་དམའ་རུ་སོང་ཡོད། ན་ནིང་གི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་རོགས་སྐྱོར་འགུལ་སྐྱོད་འཆར་གཞིའི་བརྒྱ་ཆའི་བདུན་ཅུའི་ཡན་མཐུན་སྦྱོར་བྱས་ནས་ལག་བསྟར་བྱས་པ་དང་། ཟླ་དང་པོའི་ཚེས་གཅིག་ཉིན་ནས་ཚེས་བཅུ་ཉིན་བར་གྱི་ལག་བསྟར་བསྡུར་ཚད་བརྒྱ་ཆའི་བཅུ་བཞི་ཙམ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།