ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁ་དང་དབྱིན་ཇིའི་བར་སྣང་འཇབ་རྒོལ་ལས་མི་ལྔ་རྐྱེན་ལམ་དུ་ཤོར་བའི་ཚུལ་བསྟན།
2024.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཉིན་དེའི་ཞོགས་པར་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་དོན་གསུམ་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་མི་སྣ་ལྔ་བསད་པ་དང་། མི་དྲུག་ལ་རྨས་ཕོག་ཡོད་ཟེར།

སཱ་ལོས་ཡཱ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱིན་ཇིས་འཐབ་འཛིང་གནམ་གྲུ་དང་འཕུར་མདའ་བཀོལ་ནས་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་དང་མཚོ་དམར་མཚོ་ཁོངས་ཀྱི་གྲོང་ཁྱེར་ཧི་ཐེ་ཏཱ། ཧཱ་ཅེ་ཞིང་ཆེན། སཱ་ཏཱ་ཞིང་ཆེན། ཐཱ་དབྱེ་ཙི་ཞིང་ཆེན་བཅས་འདུས་པའི་དམིགས་འབེན་ལ་འཇབ་རྒོལ་བྱས་ཡོད་ཟེར།

སཱ་ལོས་ཡཱ་ཡིས་དེ་ནི་ཡ་ང་བའི་བཙན་འཛུལ་བྱ་སྤྱོད་ཅིག་ཡིན་པར་སྐྱོན་འཛུགས་བྱས་པ་དང་། ཧུའུ་སེ་དྲག་ཆས་པས་ཐེ་ཚོམ་ཅི་ཡང་མེད་པར་སྐམ་ས་དང་མཚོ་ཐོག་གི་དགྲ་བོའི་དམིགས་འབེན་ཚང་མར་ཆམ་ཕབ་གཏོང་རྒྱུ་མ་ཟད། མུ་མཐུད་དུ་དབྱི་སི་རལ་གྱི་གྲུ་གཟིངས་དང་དབྱི་སི་རལ་དུ་བགྲོད་པའི་གྲུ་གཟིངས་དག་ཨ་རབ་མཚོ་ཁོངས་དང་མཚོ་དམར་མཚོ་ཁོངས་སུ་བགྲོད་པར་བཀག་འགོག་བྱེད་རྒྱུ་ཡིན་ཟེར།

ཡེ་མིན་གྱི་རྒྱལ་ས་སཱ་ནཱ་སོགས་སུ་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར་ཨ་མེ་རི་ཁ་དང་དབྱིན་ཇིའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་གསལ་སྒྲོག་སྤེལ་ཏེ། ཆམ་ཕབ་འགུལ་སྐྱོད་དེ་ནི་ཧུའུ་སེ་དྲག་ཆས་པས་བསྟུད་མར་མཚོ་དམར་མཚོ་ཁོངས་སུ་འགྲོ་འོང་བྱེད་པའི་རྒྱལ་སྤྱིའི་ཚོང་དོན་གྲུ་གཟིངས་ལ་འཇབ་རྒོལ་བྱས་པར་རྒོལ་ལན་སློག་ཆེན་ཡིན། དེའི་ནང་ཚེས་དགུ་ཉིན་ཨ་མེ་རི་ཁའི་གྲུ་གཟིངས་ལ་དམིགས་པའི་འཇབ་རྒོལ་དེ་ཡང་འདུས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།