ཨེ་ཅིབ་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་མཚོ་དམར་མཚོ་ཁོངས་ཀྱི་འགྲུལ་བཞུད་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ས་ཁུལ་དེའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། མཚོ་དམར་མཚོ་ཁོངས་ཀྱི་འགྲུལ་བཞུད་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་ད་རུང་མཚོ་དམར་མཚོ་ཁོངས་ཀྱི་དམག་དོན་འགུལ་སྐྱོད་ཛ་དྲག་ཏུ་གྱུར་བ་དང་། ཡེ་མིན་གྱི་ས་ཁུལ་སྐོར་ཞིག་ལ་བར་སྣང་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་དོ་སྣང་ཆེན་པོ་བྱེད་བཞིན་པའི་ཚུལ་བསྟན།

ས་དེའི་ཚེས་བཅུ་གཉིས་ཉིན་གྱི་ཞོགས་པར། ཨ་མེ་རི་ཁ་དང་དབྱིན་ཇི་ཡིས་མཉམ་འབྲེལ་བྱས་ནས་ཡེ་མིན་མངའ་ཁོངས་ཀྱི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོ་བྱས། ཧུའུ་སེ་དྲག་ཆས་པས་དོན་དེའི་ཐད་ནས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱིན་ཇི་ཡིས་ཐེངས་འདིའི་གཞི་རྒྱ་ཆེ་བའི་བཙན་འཛུལ་བྱ་སྤྱོད་ལ་རིན་དོད་ཆེན་པོ་གཏོང་དགོས་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།