མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གཏན་འཇགས་ཆེད་མངག་ཚོགས་པ་ཁོང་གོ་ཅིན་ནས་ཕྱིར་འཐེན་བྱེད་པའི་བྱ་བ་མགོ་བརྩམས།
2024.01.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཁོང་གོ་ཅིན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ལུའུ་ཐུང་ཏུའུ་ལཱ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གཏན་འཇགས་ཆེད་མངག་ཚོགས་པ་ཕྱིར་འཐེན་བྱེད་པའི་བྱ་བ་མགོ་བརྩམས་པ་དང་། ཉིས་སྟོང་ཉེར་བཞི་ལོའི་ལོ་མཇུག་གི་སྔོན་ལ་ཁོང་གོ་ཅིན་ནས་ཕྱོགས་ཡོངས་ནས་ཕྱིར་འཐེན་བྱེད་པའི་འཆར་གཞི་ཡོད་ཟེར།

ལུའུ་ཐུང་ཏུའུ་ལཱ་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཁོང་གོ་ཅིན་གནད་དོན་གྱི་དམིགས་བསལ་འཐུས་མིའམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གཏན་འཇགས་ཆེད་མངག་ཚོགས་པའི་ཚོགས་གཙོ་ཁའེ་ཐཱ་ཡིས་ཁོང་གོ་ཅིན་གྱི་རྒྱལ་ས་ཅིན་ཧྲ་སཱ་ནས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ལུའུ་ཐུང་ཏུའུ་ལཱ་ཡིས་བཤད་རྒྱུར། ན་ནིང་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་གཉིས་བདུན་གཅིག་བདུན་ལ་གྲོས་མཐུན་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གཏན་འཇགས་ཆེད་མངག་ཚོགས་པའི་ཕྱིར་འཐེན་བྱ་བ་མགོ་བརྩམས་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གཏན་འཇགས་ཆེད་མངག་ཚོགས་པ་དེ་དུས་རིམ་གསུམ་དུ་བགོས་ནས་ཕྱིར་འཐེན་བྱེད་རྒྱུ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གཏན་འཇགས་ཆེད་མངག་ཚོགས་པ་ཉིས་སྟོང་ཉེར་བཞི་ལོའི་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་སྔོན་ལ་ཅི་ཝུའུ་ལྷོ་མ་ཞིང་ཆེན་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། ས་དེའི་དམག་དོན་སྒར་ས་དེ་སྲིད་གཞུང་ལ་སྤྲོད་རྒྱུ་རེད། དཔྱད་འཇོག་བྱས་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གཏན་འཇགས་ཆེད་མངག་ཚོགས་པས་དེའི་རྗེས་སུ་སོ་སོར་ཅི་ཝུའུ་བྱང་མ་ཞིང་ཆེན་དང་དབྱེ་ཐུའུ་ལི་ཞིང་ཆེན་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གཏན་འཇགས་ཆེད་མངག་ཚོགས་པ་ཉིས་སྟོང་ཉེར་བཞི་ལོའི་ལོ་མཇུག་གི་སྔོན་ལ་ཕྱོགས་ཡོངས་ནས་ཁོང་གོ་ཅིན་ནས་ཕྱིར་འཐེན་བྱེད་རྒྱུ་རེད།

ལུའུ་ཐུང་ཏུའུ་ལཱ་དང་ཁའེ་ཐཱ་གཉིས་ཀྱིས་ཕྱོགས་གཉིས་ཀྱིས་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གཏན་འཇགས་ཆེད་མངག་ཚོགས་པ་གོ་རིམ་ལྡན་པ་དང་འགན་ཁུར་བའི་སྒོ་ནས་རིམ་བཞིན་དུ་ཁོང་གོ་ཅིན་ནས་ཕྱིར་འཐེན་བྱེད་པར་འགན་སྲུང་བྱེད་རྒྱུ་ཁས་ལེན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།