དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། དབྱི་སི་རལ་གྱིས་ཕྱོགས་ཡོངས་ཀྱི་རྒྱལ་ཁ་ལོན་རག་བར་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
དབྱི་སི་རལ་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་སྤེལ་བའི་སྤྱི་བསྒྲགས་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཐི་ལཱ་ཝེ་ཧྥུའུ་རུ་ཡོད་པའི་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་པུའུ་ནས་བསྟན་དོན། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཚར་གཅོད་བྱེད་པ་དང་། བཀག་འཇུག་བྱས་པའི་དབྱི་སི་རལ་གྱི་མི་ཕྱིར་གཏོང་བ། ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་ལ་འཇིགས་ཉེན་མེད་རག་བར་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་སྔོན་རྩིས་ཇུས་གཞི་ཞིག་སྤྲོད་རྒྱུ་ཡིན་པ་དང་། དེའི་ནང་བདེ་འཇགས་ཁྱབ་ཁོངས་ཀྱི་རྒྱབ་སྐྱོར་ཁ་སྣོན་བྱེད་པ་སོགས་འདུས་ཡོད་ལ། དེས་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་བར་འགན་སྲུང་བྱེད་ཐུབ་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཧཱ་ལའེ་ཝེ་ཡིས་ཚེས་བཅུ་གསུམ་ཉིན་གསལ་བསྒྲགས་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་ནས་འཐབ་འཁྲུག་བྱེད་པའི་འཆར་གཞིར་ཆོག་མཆན་ཐོབ་ཡོད། མིག་སྔར་དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲའི་བྱང་ངོས་ས་ཁུལ་ནས་ཧཱ་མཱ་སིའི་དམག་དོན་སྟོབས་ཤུགས་ལ་གཏོར་བཤིག་ཡོད་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ས་ཁུལ་དེའི་འཐབ་འཁྲུག་གྲུབ་འབྲས་སྲ་བརྟན་དུ་གཏོང་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།