ཁོ་ལོམ་པུ་ཡཱའི་ནུབ་ཕྱོགས་ས་ཁུལ་གྱི་ཆའོ་ཁི་ཞིང་ཆེན་སྲིད་གཞུང་གིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་གསལ་བསྒྲགས་སྤེལ་ཏེ། ཉེ་སྔོན་བྱུང་བའི་རི་ཉིལ་བའི་དོན་རྐྱེན་ཁྲོད་མི་སོ་བཞི་རྐྱེན་ལམ་དུ་ཤོར་བ་ཁས་ལེན་བྱས།
ཁོ་ལོམ་པུ་ཡཱ་རྒྱལ་ཁབ་གནོད་འཚེ་དོ་དམ་སྡེ་ཁག་གི་འགན་ཁུར་བ་ལུའུ་དབྱེ་སི་ཡིས་ཉིན་དེར་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རི་ཉིལ་བའི་དོན་རྐྱེན་ལས་ད་རུང་མི་ཉི་ཤུ་ཙམ་ལ་རྨས་ཕོག་ཡོད་ཟེར།
ཆའོ་ཁི་ཞིང་ཆེན་ཁཱ་མིན་ཏི་ཨ་ཐི་ལཱ་ཐའོ་གྲོང་ཁྱེར་ཉེ་འདབས་ས་ཁུལ་དུ་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་ཆར་བ་དྲག་པོ་བབས་པའི་དབང་གིས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཅི་པུའུ་ཏའོ་དང་ཨན་ཏིས་ཨོ་ཅི་ཡཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མེད་ཏི་ལིན་བར་གྱི་གཞུང་ལམ་ཞིག་ལ་གཏོར་བརླག་ཐེབས། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་རླངས་འཁོར་མང་བོ་གཞུང་ལམ་དེའི་སྟེང་བགྲོད་བཞིན་ཡོད་ལ། མི་ལྔ་བཅུ་ཙམ་གྱིས་ལམ་འགྲམ་གྱི་ཁང་བའི་ནང་ཆར་ཞོལ་བྱེད་བཞིན་ཡོད། རི་ཉིལ་བའི་ས་རྡོ་ཡིས་ཁང་བར་གཏོར་བཤིག་ཐེབས་པ་དང་རླངས་འཁོར་མང་བོ་སའི་འོག་ཏུ་མནན། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།
ཁོ་ལོམ་པུ་ཡཱའི་ཙུང་ཐུང་ཕའེ་ཐི་ལོ་ཡིས་ཚེས་བཅུ་གཉིས་ཉིན་དྲ་ཚིགས་བརྒྱུད་ནས་བསྟན་དོན། སྲིད་གཞུང་གིས་ནུས་ཤུགས་གང་ཡོད་བཏོན་ནས་རྒུད་སྐྱོབ་བྱ་བ་སྤེལ་རྒྱུ་ཡིན་ཟེར།
ཁོ་ལོམ་པུ་ཡཱའི་ཁོར་ཡུག་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་ཁྱབ་བསྒྲགས་བྱས་དོན། ཕན་ནུས་ལྡན་པའི་སྒོ་ནས་ཨིག་ཨར་ནེ་ནོའུ་སྣང་ཚུལ་ནས་བྱུང་བའི་གནོད་འཚེའི་དོན་རྐྱེན་ཐག་གཅོད་བྱེད་ཆེད། ཁོར་ཡུག་པུའུ་དང་རྒྱལ་ཁབ་གནོད་འཚེ་དོ་དམ་སྡེ་ཁག་གིས་མྱུར་མོར་རྒྱལ་ཁབ་ཉམས་ཉེན་ལས་དོན་ཁང་བཙུགས་ནས། ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་རོགས་སྐྱོར་ལས་དོན་ལ་མཐུན་སྦྱོར་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།