པཱ་ཞིའི་ལི་ཡའོ་རི་ནེ་ལུའུ་མངའ་སྡེ་རུ་དྲག་ཆར་བབས་ཏེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།
2024.01.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

པཱ་ཞིའི་ལི་ཡའོ་རི་ནེ་ལུའུ་མངའ་སྡེའི་མེ་གསོད་སྡེ་ཁག་གིས་ཚེས་བཅུ་བཞི་ཉིན་སྤྱི་སྒྲོག་སྤེལ་ཏེ། མངའ་སྡེ་དེར་ཉེ་བའི་བའི་ཉིན་འགའི་རིང་བསྟུད་མར་དྲག་ཆར་བབས་ནས། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། སྐོར་ཐེངས་འདིར་དྲག་ཆར་བབས་ནས་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བ་ནི་མངའ་སྡེ་དེའི་བྱང་ཕྱོགས་ས་ཁུལ་ཡིན་ཞིང་། འདས་པོ་མང་ཆེ་བ་ནི་ས་ཁུལ་དེའི་སྡོད་དམངས་ཡིན་ལ། ཐ་ན་མེ་གསོད་ས་ཚིགས་དང་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་བཅས་ཀྱང་ཆུས་བསྣུབས་པས། རྒུད་སྐྱོབ་བྱ་བར་དཀའ་ཁག་ཆེན་པོ་བཟོས་ཡོད།

མེ་གསོད་སྡེ་ཁག་གིས་བསྡོམས་པས་དྲག་ཆར་གྱི་ཤུགས་རྐྱེན་ཐེབས་པའི་ས་ཁོངས་བརྒྱ་དང་བརྒྱད་ཅུ་བསྒྲགས་པ་དང་། སྡེ་ཁུལ་མང་བོར་ཉེན་བརྡ་བཏང་ཡོད་ལ། སྡོད་དམངས་དག་ཅུང་བདེ་འཇགས་ཡིན་པའི་ས་ཁོངས་སུ་བཀོད་སྒྲིག་བྱས་ཡོད། དྲག་ཆར་ལས་ད་རུང་མངའ་སྡེ་དེའི་གཙོ་ལམ་འགའི་འགྲུལ་བཞུད་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། ས་ཁུལ་མང་བོའི་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་གཏོང་མཚམས་མི་འཇོག་ཐབས་མེད་བྱུང་ཡོད།

མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ལི་ཡའོ་རི་ནེ་ལུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཕཱ་ཨེ་སི་ཡིས་ཚེས་བཅུ་བཞི་ཉིན་གྲོང་ཁྱེར་དེས་བྲེལ་མྱུར་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། གྲོང་ཁྱེར་སྡོད་དམངས་དག་འགྲོ་འོང་བྱེད་སྐབས་གང་ནུས་ཀྱིས་གནོད་ཐེབས་ས་ཁུལ་ལ་གཡོལ་ནས་འགྲོ་དགོས་པའི་འབོད་སྐུལ་བཏང་། སྔོན་གྱི་འཆར་གཞི་ལྟར་ནས་ཉིན་དེར་སྤེལ་བར་ཐག་བཅད་པའི་གཞུང་ཞབས་པའི་རྒྱུགས་ལེན་མཚམས་བཞག་ཡོད་ལ། ཉེ་འདབས་ཀྱི་ནེ་ཐེ་ལོ་དབྱེ་གྲོང་ཁྱེར་གྱིས་གནོད་ཐེབས་ཉེན་ཟོན་རིམ་པ་ཆེས་མཐོན་པོར་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།