ཁྲའོ་ཞན་གྱིས་རྒྱང་འབྲིང་འཕེན་གྱི་སྲ་གཟུགས་འབར་རྫས་ཀྱི་འཕུར་མདའ་ཞིག་བདེ་བླག་ངང་གཏོང་འཕེན་ཚོད་ལྟ་བྱས།
2024.01.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་འཕུར་མདའི་སྤྱི་ཁྱབ་ཅུའུ་ཡིས་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་རྒྱང་འབྲིང་འཕེན་གྱི་སྲ་གཟུགས་འབར་རྫས་ཀྱི་འཕུར་མདའ་ཞིག་བདེ་བླག་ངང་གཏོང་འཕེན་ཚོད་ལྟ་བྱས། འཕུར་མདའ་དེར་རིམ་འདས་སྒྲའི་མྱུར་ཚད་ཅན་གྱི་སྒུལ་འཁོར་ཅན་གྱི་ཁ་ལོ་བྱེད་ཐུབ་པའི་འཐབ་འཛིང་ལྷུ་ལག་སྒྲིག་སྦྱོར་བྱས་ཡོད།

བསྒྲགས་པ་ལྟར་ན། ཐེངས་འདིར་གཏོང་འཕེན་ཚོད་ལྟ་བྱས་པའི་དམིགས་ཡུལ་ནི་རྒྱང་འབྲིང་འཕེན་འཕུར་མདའི་རིམ་འདས་སྒྲའི་མྱུར་ཚད་ཅན་གྱི་སྒུལ་འཁོར་ཅན་གྱི་ཁ་ལོ་བྱེད་ཐུབ་པའི་འཐབ་འཛིང་ལྷུ་ལག་གི་རླུང་ཤུགས་ལ་བརྟེན་པའི་འཕུར་སྐྱོད་དང་སྒུལ་འཁོར་གྱི་འཕུར་སྐྱོད་ཁྱད་ཆོས་དང་། གསར་དུ་ཞིབ་འཇུག་གསར་སྤེལ་བྱས་པའི་སྣེ་མང་བྱེད་ནུས་ཆེ་བའི་སྲ་གཟུགས་འབར་རྫས་སྒུལ་འཁོར་ཅན་གྱི་བློ་གཏད་རང་བཞིན་ལ་ཞིབ་བཤེར་བྱེད་པའི་ཆེད་དུ་ཡིན་ལ། ཐེངས་འདིའི་གཏོང་འཕེན་ཚོད་ལྟ་ལས་ཉེ་འཁོར་གྱི་རྒྱལ་ཁབ་དག་གི་བདེ་འཇགས་ལ་ཤུགས་རྐྱེན་བཟོས་མེད་པས། ས་ཁུལ་གྱི་གནས་བབ་ལ་འབྲེལ་བ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།