ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁ་དང་དབྱིན་ཇིས་ཧི་ཐེ་ཏཱ་ལ་བར་སྣང་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2024.01.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇི་ཡིས་ཉིན་དེར་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཚོ་དམར་མཚོ་ཁའི་གྲོང་ཁྱེར་ཧི་ཐེ་ཏཱ་ལ་བར་སྣང་འཇབ་རྒོལ་བྱས་ཟེར།

བསྒྲགས་པ་ལྟར་ན། ཧི་ཐེ་ཏཱའི་བྱང་ངོས་ཀྱི་རི་ཁུལ་དུ་བར་སྣང་འཇབ་རྒོལ་ཐེབས་པ་དང་། ཨ་མེ་རི་ཁ་དང་དབྱིན་ཇིའི་འཐབ་འཛིང་གནམ་གྲུས་བར་སྣང་འཇབ་རྒོལ་བྱས་རྗེས་སྔར་བཞིན་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་ལྡིང་སྐོར་བྱེད་བཞིན་ཡོད་ཟེར།

ཧུའུ་སེ་དྲག་ཆས་པས་བསྐོ་འཇོག་བྱས་པའི་ཧི་ཐེ་ཏཱ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁཱ་ཧྲ་ཨར་གྱིས་ཚེས་བཅུ་གསུམ་ཉིན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱིན་ཇིའི་མཁའ་དམག་གི་མི་བསྡད་མེད་པའི་གནམ་གྲུའ་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པ་ནས་དགོང་མོའི་བར་ཧི་ཐེ་ཏཱ་གྲོང་ཁྱེར་གྱི་བར་སྣང་དུ་མྱུལ་ཞིབ་བྱས་པ་རེད་ཟེར།

ཧི་ཐེ་ཏཱ་མཚོ་དམར་མཚོ་འགྲམ་དུ་གནས་པ་དང་། ཡེ་མིན་གྱི་ཆེས་ཆེ་བའི་གྲུ་ཁ་ཧི་ཐེ་ཏཱ་གྲུ་ཁ་ཡོད། གྲུ་ཁ་དེ་ཉིས་སྟོང་བཅུ་བཞི་ལོར་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱས་པ་ནས་བཟུང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་ཚོང་ལས་རྒྱུ་དངོས་དག་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་སྐྱེལ་འདྲེན་བྱེད་པའི་གྲུ་ཁ་གཙོ་བོར་གྱུར།

ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཚེས་བཅུ་གཉིས་ཉིན་དང་ཚེས་བཅུ་གསུམ་ཉིན་གཉིས་ལ་བསྟུད་མར་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། རྒྱལ་ཁབ་རེ་འགས་ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཡེ་མིན་གྱི་བདག་དབང་ལ་རྒོལ་བའི་བྱ་སྤྱོད་དེར་རྒོལ་གཏམ་བཏང་བ་དང་། དེ་ལས་སྔར་ལས་ལྷག་པའི་སྒོ་གནས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གཏོང་སྲིད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།