ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། བསྟུད་མར་ཉིན་འགའི་རིང་ལ། ཐུར་ཁེའི་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགུལ་སྐྱོད་བྱེད་པའི་ཁུའུ་ཨར་ཏིའི་དྲག་ཆས་རྩ་འཛུགས་ལ་དམིགས་ནས་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་ཉུང་མཐར་ཡང་ཁུའུ་ཨར་ཏིའི་དྲག་ཆས་མི་སྣ་རེ་བཞི་བསད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་སྔ་གཞུག་ཏུ་འགུལ་སྐྱོད་ཐེངས་མང་སྤེལ་བ་དང་། དབྱི་རག་བྱང་ཕྱོགས་ས་ཁུལ་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣ་ཞེ་བརྒྱད་བསད་པ་དང་། སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་སི་རི་ཡཱའི་ཁུའུ་ཨར་ཏིའི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གི་དྲག་ཆས་མི་སྣ་བཅུ་དྲུག་བསད་ཡོད་ཟེར།
དབྱེ་ཞིབ་མི་སྣས་བལྟས་ན། ཅང་མ་འགོར་བའི་སྔོན་ཐུར་ཁེའི་དམག་མི་དགུར་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ་དང་། གོང་གི་དམག་དོན་འགུལ་སྐྱོད་དེ་ནི་ཐུར་ཁེའི་དམག་དཔུང་གིས་ཁུའུ་ཨར་ཏིའི་དྲག་ཆས་རྩ་འཛུགས་ལ་འཁོན་ལན་སློག་པའི་འགུལ་སྐྱོད་ཅིག་ཡིན་པ་མངོན་གསལ་རེད་ཟེར། ཟླ་འདིའི་ཚེས་བཅུ་གཉིས་ཉིན། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣ་སྐོར་ཞིག་དབྱི་རག་བྱང་ངོས་ཀྱི་མེད་ཐིས་ནཱ་ཉེ་འདབས་སུ་ཡོད་པའི་དམག་དོན་རྟེན་གཞི་ཞིག་ལ་བཙན་འཛུལ་བྱེད་རྩིས་བྱས་པ་དང་། ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་སྟེ་ཐུར་ཁེའི་དམག་མི་དགུ་རྐྱེན་ལམ་དུ་ཤོར།
བསོད་ནམས་ཚེ་རིང་གིས་བསྒྱུར།