ཁི་མའོ་ལོ་ཡིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ།
2024.01.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཨ་ཧྥེ་རི་ཁའི་གླིང་ཕྲན་རྒྱལ་ཁབ་ཁི་མའོ་ལོ་ཡིས་ཚེས་བཅུ་བཞི་ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ། ད་ལྟའི་ཙུང་ཐུང་ཨ་སུའུ་མཱ་ནེ་དང་བཅས་པའི་འདེམ་སྒུག་མི་སྣ་དྲུག་འདེམ་བསྐོའི་བྱ་འགུལ་ལ་ཞུགས།

ས་དེའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བདུན་སྟེང་། སོ་སོར་ཁི་མའོ་ལོ་གླིང་ཕྲན་ཆེན་བ་དང་ཨང་རོའུ་ཨང་གླིང་ཕྲན། མའོ་ཨེ་ལེ་གླིང་ཕྲན་བཅས་ཀྱི་འདེམ་ཤོག་འཕེན་ས་བརྒྱད་བརྒྱ་ལྷག་དངོས་སུ་སྒོ་འབྱེད་བྱས། ཁི་མའོ་ལོ་རྒྱལ་ཁབ་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། ཚོད་དཔག་བྱས་ན་ཉིན་དེར་ཐོ་འགོད་བྱས་པའི་འདེམ་དམངས་འབུམ་གསུམ་དང་ཁྲི་བཞི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པ་དང་། འདེམ་ཤོག་འཕེན་ས་དེ་ཕྱི་དྲོའི་དུས་ཚོད་དྲུག་སྟེང་སྒོ་བརྒྱག་རྒྱུ་རེད།

ཁི་མའོ་ལོའི་འདེམ་བསྐོའི་བཅའ་ཁྲིམས་ལྟར་ན། ཁི་མའོ་ལོ་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམ་ཤོག་འཕངས་རྗེས་ཀྱི་དུས་ཚོད་ཉེར་བཞིའི་ནང་ཐོག་མའི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་རེད།

འདེམ་བསྐོའི་བཅའ་ཁྲིམས་ལས་ད་རུང་བསྟན་དོན། ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་སྐབས་ཕྱེད་ཀའི་ཡན་གྱི་འདེམ་ཤོག་ཐོབ་པའི་འདེམ་སྒུག་པ་ཐད་ཀར་དུ་བདམས་ཐོན་བྱས་ཆོག དེ་ལྟ་མིན་ཚེ་འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས། གལ་ཏེ་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་སྐབས་རྒྱལ་ཁ་ཐོབ་མཁན་མེད་ན། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་སྤེལ་རྒྱུ་ཟེར།