ཐུར་ཁེ་ཡིས་དབྱི་རག་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་འཇིགས་སྐུལ་ཉེས་ཅན་དོན་བདུན་བསད།
2024.01.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ་འཇིགས་སྐུལ་ཉེས་ཅན་དོན་བདུན་བསད་པ་དང་། འབྲེལ་ཡོད་ཀྱི་སྒྲིག་ཆས་དོན་བརྒྱད་ལ་གཏོར་བཤིག་བཏང་ཟེར།

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གྲོས་ཚོགས་བསྡུས་ནས་སྤེལ་བཞིན་པའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ལ་གྲོས་བསྡུར་བྱས། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསལ་སྒྲོག་ལྟར་ན། ཐུར་ཁེའི་དམག་དཔུང་གིས་ཉེ་སྔོན་དབྱི་རག་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་ལས་བསྡོམས་པས་འཇིགས་སྐུལ་ཉེས་ཅན་དོན་བདུན་བསད་པ་དང་། མཛོད་ཁང་དང་བཙན་རྫོང་། ཕུག་ལམ། རྡོ་སྣུམ་གྱི་སྒྲིག་ཆས་སོགས་འཇིགས་སྐུལ་ཉེས་ཅན་ལ་འབྲེལ་བ་ཡོད་པའི་སྒྲིག་ཆས་དོན་བརྒྱད་གཏོར་བཤིག་བཏང་ཡོད་ཟེར།

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་མེད་ཐིས་ནཱ་ཉེ་འདབས་སུ་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱུང་ནས་ཐུར་ཁེའི་དམག་མིར་ཤི་རྨས་ཐེབས། ཐུར་ཁེ་ཡིས་ཚེས་བཅུ་གསུམ་ཉིན་དབྱི་རག་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་བྱང་ཕྱོགས་ས་ཁུལ་དུ་འགྲོ་འདུག་བྱེད་པའི་ཁུའུ་ཨར་ཏི་དྲག་ཆས་མི་སྣ་དང་འབྲེལ་ཡོད་སྒྲིག་ཆས་ལ་བར་སྣང་འཇབ་རྒོལ་བྱས་ཏེ། གཙོ་བོ་ཁུའུ་ཨར་ཏི་བཟོ་བའི་ཏང་དང་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་སོགས་ཀྱི་འཇིགས་སྐུལ་ཉེས་ཅན་དང་དེར་འབྲེལ་གྱི་དམིགས་འབེན་ལ་ཆམ་ཕབ་བཏང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།