འཇར་པན་གྱི་ཧྲི་ཁྲོན་རྫོང་གིས་ཚེས་བཅོ་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་ཀྱི་གཞི་གྲངས་གསར་བ་ལྟར་ན། ནིན་ཏིན་ཕྱེད་གླིང་གི་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཉིས་བརྒྱ་དང་ཉེར་གཉིས་ལ་འཕར་ཡོད་པ་དང་། གཞན་ཡང་མི་ཉེར་གཉིས་གར་སོང་རྙེད་མེད།
བསྡོམས་རྩིས་བྱས་པ་ལྟར་ན། ས་ཡོམ་གྱི་གནོད་འཚེ་ཐེབས་པ་ཚབས་ཆེ་བའི་ཧྲི་ཁྲོན་རྫོང་ཀྲུའུ་ཀྲོའུ་གྲོང་ཁྱེར་དང་ལོན་ཏའོ་གྲོང་ཁྱེར་ནས་སོ་སོར་མི་གོ་དགུ་དང་མི་གྱ་བརྒྱད་རྐྱེན་ལམ་དུ་ཤོར། རྫོང་དེའི་ཞོས་ཧྲོས་ཏེན་དང་ནིན་ཏིན་ཏེན། ཆི་ཝེ་ཧྲི། ཀྲི་ཧི་ཏེན་སོགས་ས་ཁུལ་ནས་བསྡོམས་པས་མི་སོ་ལྔ་རྐྱེན་ལམ་དུ་ཤོར། ཉིན་དེར་ཧྲི་ཁྲོན་རྫོང་གིས་འདས་པོའི་ཁྱིམ་མི་ཡིད་འཐད་བྱུང་བའི་གནས་ཚུལ་འོག་འདས་པོ་ཉེར་གསུམ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།
ཧྲི་ཁྲོན་རྫོང་གི་བསྡོམས་རྩིས་གཞི་གྲངས་ལྟར་ན། ས་ཡོམ་ལས་ཧྲི་ཁྲོན་རྫོང་ནས་མི་སྟོང་གཅིག་དང་ཉེར་ལྔར་རྨས་ཕོག་ཡོད་པ་དང་། ཁང་ཤར་ཁྲི་གཉིས་ཙམ་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཡོད་ལ། མི་ཁྲི་གཅིག་དང་སྟོང་བདུན་ཙམ་ཉེན་ཡོལ་བྱེད་སར་བསྡད་ཡོད། བསྒྲགས་པ་ལྟར་ན། ས་ཡོམ་བྱུང་ནས་ཟླ་ཕྱེད་ལྷག་འགོར་ཡོད་ཀྱང་། ཧྲི་ཁྲོན་རྫོང་གི་གཞུང་ལམ་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་ཞིག་གསོའི་མྱུར་ཚད་དལ་བ་རེད། མིག་སྔར་མི་བཞི་བརྒྱ་དང་བཅོ་ལྔ་སྔར་བཞིན་ཁེགས་ཡོད་པ་དང་། ཁྱིམ་ཚང་ཁྲི་ལྔ་དང་སྟོང་ལྔ་ལྷག་ལ་འཐུང་ཆུ་མེད་པ་དང་། ཁྱིམ་ཚང་སྟོང་བརྒྱད་ལྷག་ལ་གློག་ཆད་ཡོད་ཟེར།
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཉིན་དེར་བསྟན་དོན། མ་འོངས་པར་སྲིད་གཞུང་གི་བྱ་བའི་གཙོ་གནད་ནི་གཞུང་ལམ་མྱུར་དུ་ཞིག་གསོ་བྱེད་པ་དང་། མྱུར་མོར་རང་འབབ་ཆུ་སོགས་རྨང་གཞིའི་སྒྲིག་ཆས་ཞིག་གསོ་བྱེད་རྒྱུ་མ་ཟད། གནོད་ཐེབས་མང་ཚོགས་ལ་གནས་སྐབས་ཀྱི་སྡོད་གནས་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།