ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་དབྱི་ལིང་གིས་རང་གི་མཁའ་ཁོངས་སུ་བཙན་འཛུལ་བྱས་ཏེ་མི་སྣར་ཤི་རྨས་བཟོས་པར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར།
ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་གནས་ལུགས་ཅི་ཡང་མེད་པའི་སྒོ་ནས་ཕཱ་ཁི་སི་ཐན་གྱི་མཁའ་ཁོངས་ལ་བཙན་འཛུལ་བྱས་ཏེ། བྱིས་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་བུ་མོ་ཆུང་ཆུང་གསུམ་ལ་རྨས་ཕོག་ཡོད། ཕཱ་ཁི་སི་ཐན་གྱི་བདག་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་དེ་དང་ལེན་གཏན་ནས་བྱེད་ཐབས་མེད་ལ། ཚབས་ཆེ་བའི་མཇུག་འབྲས་འབྱུང་སྲིད། ཕཱ་ཁི་སི་ཐན་དང་དབྱི་ལིང་རྒྱལ་ཁབ་གཉིས་བར་འབྲེལ་འདྲིས་ཀྱི་ཐབས་ལམ་མང་བོ་ཡོད་ཀྱང་། སྔར་བཞིན་ཁྲིམས་འགལ་གྱི་བྱ་སྤྱོད་དེ་འདྲ་བྱུང་བ་རེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མཐོ་རིམ་དཔོན་རིགས་ལ་ངོ་རྒོལ་དྲག་པོ་བྱས་ཡོད་པ་དང་། ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཕཱ་ཁི་སི་ཐན་དུ་སྡོད་པའི་དབྱི་ལིང་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་བོས་ནས། དབྱི་ལིང་གིས་མངོན་སུམ་འཛེམ་མེད་དུ་ཕཱ་ཁི་སི་ཐན་གྱི་བདག་དབང་ལ་གནོད་སྐྱེལ་བར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། དེ་ལས་བྱུང་བའི་མཇུག་འབྲས་ཚང་མར་དབྱི་ལིང་ཕྱོགས་ཀྱིས་འགན་ཁུར་དགོས་པའི་ཚུལ་བསྟན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ནམ་རྒྱུན་བལྟས་ན། འཇིགས་སྐུལ་རིང་ལུགས་ནི་ས་ཁུལ་དེའི་རྒྱལ་ཁབ་ཚང་མའི་མདུན་དུ་ལྷགས་པའི་ཐུན་མོང་གི་འཇིགས་ཉེན་ཅིག་ཡིན་པས། མཐུན་སྦྱོར་འགུལ་སྐྱོད་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། ཕྱོགས་གཅིག་གི་བྱ་སྤྱོད་འདི་རིགས་ཁྱིམ་མཚེས་མཛའ་མཐུན་འབྲེལ་བར་མི་འཚམ་ལ། ཕྱོགས་གཉིས་ཀྱི་ཡིད་ཆེས་ཐད་གནོད་པ་ཚབས་ཆེན་བཟོས་ཡོད་ཟེར།
དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། དྲང་བདེན་དམག་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་ཕཱ་ཁི་སི་ཐན་མངའ་ཁོངས་ཀྱི་སྦས་སྐོང་བྱེད་ས་གལ་ཆེན་གཉིས་ལ་ཉིན་དེར་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་གཏོར་བཤིག་བཏང་ཡོད་ཟེར། གཏོར་བཤིག་བཏང་བའི་སྦས་སྐོང་བྱེད་ས་དེ་ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་དུ་གནས། བསྒྲགས་པའི་གནས་ཚུལ་ལས་བྱེ་བྲག་ཏུ་སུས་འཇབ་རྒོལ་དོན་རྐྱེན་སྤེལ་བ་གསལ་བོར་བཤད་མེད་ལ། མིག་སྔར་དབྱི་ལིང་དཔོན་ཕྱོགས་ཀྱིས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།