སི་ལོ་ཝ་ཁིའི་ཙུང་ལི་ཡིས་ཧང་ག་རིའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་དབང་ལ་ཚོད་འཛིན་བྱེད་པར་ངོ་རྒོལ་བྱེད་པའི་ཚུལ་བསྟན།
2024.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

སི་ལོ་ཝ་ཁིའི་ཙུང་ལི་ཧྥེ་ཙོ་ཡིས་ཚེས་བཅུ་དྲུག་ཉིན་ཧང་ག་རིའི་རྒྱལ་ས་པུའུ་ཏཱ་ཕའེ་སི་ནས་བསྟན་དོན། སི་ལོ་ཝ་ཁི་ཡིས་ཧང་ག་རིའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་དབང་ལ་ཚོད་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་མེད་ལ། ཡོ་རོབ་གླིང་མནའ་འབྲེལ་གྱི་སྔོན་རྩིས་དང་ཝུའུ་ཁི་ལན་གྱི་རོགས་སྐྱོར་སོགས་གནད་དོན་ཐད་ནས་ཧང་ག་རིའི་གྲོས་གཞིར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཧྥེ་ཙོ་དང་གྲོས་མོལ་བྱས། ཧྥེ་ཙོ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་ཁབ་ཀྱི་བདག་དབང་དང་སྒེར་ཚུགས་བརྩོན་ལེན་བྱེད་པའི་རྒྱལ་ཁབ་ལ་ཆད་གཅོད་བྱེད་པར་དམིགས་པའི་བྱེད་ཐབས་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད། ཧང་ག་རིའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་དབང་དེ་ཁོངས་གཏོགས་རྒྱལ་ཁབ་ཚང་མར་ཐུན་མོང་ལྟ་ཚུལ་བྱུང་བའི་གནས་ཚུལ་འོག་ད་གཟོད་ཚོད་འཛིན་བྱེད་དགོས་པ་མ་གཏོགས། འདི་ལྟ་བུའི་དཔུང་འཇུག་ལ་ཡིད་འཐད་གཏན་ནས་མིན། ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁས་ལེན་མི་བྱེད་པའི་དབང་ཆ་རྩིས་མེད་དུ་བཏང་ནས་བདེ་འཇགས་དང་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཐད་ནས་དམིགས་བསལ་གྱི་ཚོགས་ཁག་མང་ཆེ་བ་ཡིད་འཐད་བྱུང་བའི་ཐབས་ཇུས་རྐྱེན་སྲོལ་ལག་བསྟར་བྱེད་པ་ནི་ཡོ་རོབ་གླིང་མནའ་འབྲེལ་ཉམས་དམས་སུ་འགྲོ་བའི་སྣང་ཚུལ་ཅིག་རེད། ཧང་ག་རིའི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྔོན་རྩིས་དང་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་གྲོས་གཞི་དེ་བློ་གྲོས་ལྡན་ཞིང་ལུགས་དང་མཐུན་པ་ཞིག་ཡིན་པས། སི་ལོ་ཝ་ཁི་ཡིས་གྲོས་གཞི་དེ་དག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཨིག་ཨར་པན་གྱིས་བསྟན་དོན། ཟླ་གཉིས་པའི་ཚེས་གཅིག་ཉིན་སྤེལ་བར་ཐག་བཅད་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ནས་སྔར་ལས་ལྷག་པའི་སྒོ་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པ་གནད་དུ་བཟུང་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་སྔོན་རྩིས་ལ་བཟོ་བཅོས་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཝུའུ་ཁི་ལན་ལ་སྔར་ལས་རོགས་སྐྱོར་བྱེད་པར་ཡོ་རོབ་གླིང་མནའ་འབྲེལ་གྱི་སྔོན་རྩིས་ལ་གནོད་པ་ཐེབས་མི་རུང་ཟེར། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱི་སྔོན་རྩིས་སུ་མ་གཏོགས་པའི་གནས་ཚུལ་འོག་ཝུའུ་ཁི་ལན་ལ་དངུལ་ལོར་ཡོ་བྱད་ཅིག་གསར་གཏོད་བྱེད་དགོས་པའི་གྲོས་གཞི་བཏོན་པར་མ་ཟད། ཧང་ག་རི་ཡིས་རྒྱལ་ཁབ་ཀྱི་སྔོན་རྩིས་ཁྲོད་ནས་རང་ཉིད་ཀྱི་སྐལ་དེ་འབུལ་ངེས་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་འཆར་གཞི་གཉིས་པ་གཏན་འབེབས་བྱེད་པར་ཡིད་འཐད་བྱུང་བ་དང་། ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་འཆར་གཞི་དེར་མཐུན་སྦྱོར་བྱེད་པའི་འགན་ཁུར་དུ་འཇུག་རྒྱུ་ཐག་བཅད།


བསོད་ནམས་ཚེ་རིང་གིས་བསྒྱུར།