ཁོང་གོ་ཅིན་དང་ཨ་ཧྥེ་རི་ཁ་གླིང་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་མཉམ་འབྲེལ་དམག་དོན་འགུལ་སྐྱོད་སྤེལ།
2024.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། ཁོང་གོ་ཅིན་ཤར་ཕྱོགས་ཀྱི་ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཀི་མཱ་ནས། ཁོང་གོ་ཅིན་གྱི་སྲིད་གཞུང་དམག་དཔུང་དང་ཨ་ཧྥེ་རི་ཁ་གླིང་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་རྩ་འཛུགས་བྱས་པའི་རྒྱལ་ཁབ་མང་བོའི་དམག་དཔུང་གིས་བདེ་འཇགས་གྲོས་ཚོགས་བསྡུས།

ཁོང་གོ་ཅིན་གྱི་དམག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། ཁོང་གོ་ཅིན་གྱི་སྲིད་གཞུང་དམག་དཔུང་དང་ཨ་ཧྥེ་རི་ཁ་གླིང་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་དམག་དཔུང་གིས་ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་དུ་མཉམ་འབྲེལ་དམག་དོན་འགུལ་སྐྱོད་དངོས་སུ་སྤེལ་མགོ་བརྩམས།

ཁོང་གོ་ཅིན་སྲིད་གཞུང་དམག་དཔུང་གི་ས་གནས་བཀོད་འདོམ་དཔོན་པོ་ཞི་ཁཱ་པུའུ་ཝེ་དང་ཨ་ཧྥེ་རི་ཁ་གླིང་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པས་རྩ་འཛུགས་བྱས་པའི་རྒྱལ་ཁབ་མང་བོའི་དམག་དཔུང་གི་དཔོན་དམག་གིས་ཚེས་བཅུ་དྲུག་ཉིན་ཁོང་གོ་ཅིན་ཤར་ཕྱོགས་ཀྱི་ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཀི་མཱ་ནས་བདེ་འཇགས་གྲོས་ཚོགས་བསྡུས། ཞི་ཁཱ་པུའུ་ཝེ་ཡིས་གྲོས་ཚོགས་གྲོལ་རྗེས་བསྟན་དོན། ཐེངས་འདིའི་མཉམ་འབྲེལ་དམག་དོན་འགུལ་སྐྱོད་དེ་གཙོ་བོ་འགུལ་སྐྱོདM23ཞེས་པའི་དྲག་ཆས་ཚོགས་ཁག་ལ་དམིགས་པ་ཡིན་ཟེར།

ཁོང་གོ་ཅིན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཚོགས་པ་འགུལ་སྐྱོདM23ཞེས་པས་ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་ས་ཁུལ་མང་བོ་བཙན་བཟུང་བྱས་ཡོད་པ་དང་། ཉེ་སྔོན་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་མང་དུ་བྱེད་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། ཁོང་གོ་ཅིན་ཤར་ཕྱོགས་ས་ཁུལ་གྱི་བདེ་འཇགས་གནས་བབ་ཛ་དྲག་ཡིན་པ་དང་། ས་གནས་དྲག་ཆས་པ་དང་ཕྱི་རྒྱལ་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་མང་བོ་ས་ཁུལ་དེར་འགུལ་སྐྱོད་བྱེད་བཞིན་ཡོད། ཁོང་གོ་ཅིན་སྲིད་གཞུང་གིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བ་ནས་བཟུང་ཤར་ཕྱོགས་ཀྱི་དབྱེ་ཐུའུ་ལི་ཞིང་ཆེན་དང་ཅི་ཝུའུ་བྱང་མ་ཞིང་ཆེན་ནས་དོགས་ཟོན་ནན་མོ་བྱས། ཉིས་སྟོང་ཉེར་གསུམ་ལོའི་ཟླ་ལྔ་བར། ཨ་ཧྥེ་རི་ཁ་གླིང་ལྷོ་ཕྱོགས་ཀྱི་འཕེལ་རྒྱས་ཐུན་མོང་ཚོགས་པའི་མགོ་གཙོའི་གྲོས་ཚོགས་ནཱ་སྨི་པུ་ཡཱའི་རྒྱལ་ས་ཝུན་ཏི་ཧི་ཁི་ནས་བསྡུས། གྲོས་ཚོགས་གྲོལ་རྗེས་གསལ་སྒྲོག་སྤེལ་ནས། ཨ་ཧྥེ་རི་ཁ་ལྷོ་མ་དང་མའོ་སིང་པུས་ཁི། ཐན་ཙན་ནི་ཡཱ་སོགས་རྒྱལ་ཁབ་ཀྱིས་ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་དུ་དམག་དཔུང་བཀོད་སྒྲིག་བྱས་ནས། ས་ཁུལ་དེའི་དྲག་ཤུགས་དོན་རྐྱེན་ཞི་བདེ་འཇགས་སུ་གཏོང་བ་དང་། ཞི་བདེ་དང་བདེ་འཇགས་སླར་གསོ་བྱེད་པར་རོགས་རམ་བྱེད་རྒྱུ་ཡིད་འཐད་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།