མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་བཅོ་ལྔ་ཉིན་ལོ་ཧྲིལ་བོའི་གནས་ཚུལ་སྙན་ཞུ་སྤེལ་ཏེ། རྒྱལ་ཁབ་སོ་སོས་མཉམ་ལས་སྙིང་སྟོབས་དར་སྤེལ་བྱས་ནས། བྱིས་པར་སྔར་ལས་བདེ་འཇགས་དང་འདྲ་མཉམ་གྱི་འཇིག་རྟེན་ཅིག་བསྐྲུན་དགོས་པའི་འབོད་སྐུལ་བཏང་།
ཁ་བྱང་ལ་ཉིས་སྟོང་ཉེར་བཞི་ལོའི་བྱིས་པའི་མདུན་ལྗོངས་ཏེ་ཁ་བྲལ་གྱི་འཛམ་གླིང་ཧྲིལ་བོའི་མཉམ་ལས་ལ་ཤུགས་སྣོན་དགོས་ཞེས་པའི་སྙན་ཞུའི་ནང་བསྟན་དོན། རྒྱལ་སྤྱིའི་ཛ་དྲག་གི་གནས་བབ་དང་དཔལ་འབྱོར་གྱི་གཏན་འཇགས་མིན་པའི་རང་བཞིན་དབང་གིས་འཛམ་གླིང་ཡོངས་ཀྱི་བྱིས་པ་དག་འཁྲུག་རྩོད་དང་དཔལ་འབྱོར་དཀའ་ཁག་ལ་འཕྲད་ཡོད། རྒྱལ་ཁབ་ཆེན་པོའི་བར་གྱི་འགྲན་རྩོད་ཇེ་དྲག་ཏུ་སོང་བ་ལས་འཁྲུག་རྩོད་སྔར་ལས་མང་བོ་འབྱུང་སྲིད་ལ། དེས་བྱིས་པའི་ཚེ་སྲོག་བདེ་འཇགས་དང་ཁེ་དབང་ལ་འཇིགས་ཉེན་ཐེབས་སྲིད། དྲག་ཤུགས་དང་འཐབ་འཁྲུག་གིས་བྱིས་པར་གནོད་སྐྱེལ་བར་མ་ཟད། སློབ་གསོ་དང་སྨན་བཅོས་བདེ་སྲུང་། འཚོ་བཅུད་ཐད་ཀྱི་ཐོན་ཁུངས་ཀྱང་གཞན་དུ་བཀོལ་བའི་སྣང་ཚུལ་འབྱུང་བཞིན་ཡོད་ཟེར།
སྙན་ཞུ་ལས་ཁ་བྲལ་ཕྱོགས་མང་མ་ལག་གིས་བྱིས་པའི་གནད་དོན་ཐག་གཅོད་བྱེད་ཐབས་མེད་པར་སེམས་ཁུར་བྱེད་པའི་ཚུལ་བསྟན། སྙན་ཞུ་ལས་བསྟན་དོན། ནོར་སྲིད་ཀྱི་གྲུབ་ཚུལ་རང་བཞིན་འདྲ་མཉམ་མིན་པ་དང་། ཨིག་ཨར་ནེ་ནོའུ་སྣང་ཚུལ། ཨ་ང་ཙི་བརྒྱུད་ནས་རིམས་ནད་བགོ་བ། ཆུའི་ཐོན་ཁུངས་དཀོན་པ། མི་བཟོས་རིག་ནུས་ལ་ལྟ་རྟོག་དོ་དམ་ནན་མོ་མ་བྱས་པའི་ལག་རྩལ་སོགས་ལས་བྱིས་པའི་བདེ་ཐང་དང་ཕན་བདེ་ལ་འཇིགས་ཉེན་བཟོ་བཞིན་ཡོད་ཟེར།
སྙན་ཞུ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་འགུལ་སྐྱོད་ལ་ཤུགས་སྣོན་བྱས་ནས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དང་དངུལ་ལོར་མ་ལག་ལེགས་བཅོས་བྱེད་དགོས་པ་དང་། རྒྱལ་ཁབ་སོ་སོས་མཉམ་ལས་སྙིང་སྟོབས་དར་སྤེལ་བྱེད་པ། ཧུར་ཐག་སྒོས་སྤྱི་ཚོགས་ཀྱི་སྲིད་ཇུས་གཏན་འབེབས་བྱས་ཏེ། བྱིས་པར་སྔར་ལས་བདེ་འཇགས་དང་འདྲ་མཉམ་གྱི་འཇིག་རྟེན་ཅིག་བསྐྲུན་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།