ནེ་ཀྲི་རི་ཡའི་སྡོད་དམངས་ཁུལ་ཞིག་ཏུ་འགས་གཏོར་བྱུང་སྟེ་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར།
2024.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ནེ་ཀྲི་རི་ཡའི་ལྷོ་ནུབ་ཕྱོགས་ཀྱི་ཨོ་ཡོའེ་མངའ་སྡེའི་འགོ་གཙོས་ཚེས་བཅུ་བདུན་ཉིན་བཤད་རྒྱུར།   མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་དབྱི་པཱ་ཏན་གྱི་སྡོད་དམངས་ཁུལ་ཞིག་ཏུ་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་འགས་གཏོར་བྱུང་སྟེ་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་དོན་བདུན་ལ་རྨས་ཕོག་ཟེར།

ཨོ་ཡོའེ་མངའ་སྡེའི་འགོ་གཙོ་སེ་དབྱི་མཱ་ཅིན་ཏི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   འགས་གཏོར་དོན་རྐྱེན་དེ་དབྱི་པཱ་ཏན་གྲོང་ཁྱེར་པའོ་ཏི་ཅཱ་ས་ཁུལ་གྱི་སྒེར་གྱི་སྡོད་ཁང་ཞིག་ཏུ་བྱུང་།   བདེ་འཇགས་སྡེ་ཁག་གི་ཐོག་མའི་བརྟག་དཔྱད་ལས་མངོན་པ་ལྟར་ན། ཁྲིམས་འགལ་གཏེར་འདོན་པ་ཁ་ཤས་ཀྱིས་པའོ་ཏི་ཅཱའི་སྡོད་ཁང་ཞིག་ཏུ་གསོག་ཉར་བྱས་པའི་འབར་གས་སྒྲིག་ཆས་འགས་གཏོར་བྱུང་བ་ལས་དོན་རྐྱེན་དེ་བཟོས་པ་རེད་ཟེར།

ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།  འགས་གཏོར་གྱི་ཤུགས་རྐྱེན་ཐེབས་ཏེ།  ཉེ་འཁོར་གྱི་ཁང་བ་མང་པོ་བརྡིབས་པ་དང་།    རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ།  དེའི་ཁྲོད་ཀྱི་རྨས་མ་མང་ཆེ་བ་སྨན་ཁང་ལས་བུད་ཟིན་ཟེར།

མཱ་ཅིན་ཏི་ཡིས་བཤད་རྒྱུར།   བྲེལ་མྱུར་རོགས་སྐྱོབ་མི་སྣས་སྔར་བཞིན་ཡུལ་དངོས་སུ་འཚོལ་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར། ཁོས་ད་རུང་གནོད་སྐྱོན་ཐེབས་པའི་སྡོད་ཁང་ཡོད་ཚད་བསྐྱར་འཛུགས་བྱ་རྒྱུའི་དམ་བཅས།

ལྷ་མོ་ཚེ་རིང་གིས་བསྒྱུར།