ཕ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་མཁར་དབུས་ཕྱོགས་ཀྱི་ཏ་ལ་ཅེ་ས་ཁུལ་གྱི་སྡོད་ཁང་མང་པོར་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་བཏང་།
གསལ་བསྒྲགས་ལས་བཤད་རྒྱུར། དབྱི་སི་རལ་གྱི་འཇབ་རྒོལ་ས་ཁུལ་དུ་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་དང་དབྱི་སི་རལ་གྱི་དམག་བར་འཁྲུག་རྩོད་བྱུང་། གཞན་ཡང་མི་བཅུ་ཕྲག་འགར་འཇབ་རྒོལ་ཁྲོད་རྨས་ཕོག་ཡོད་ལ། རོགས་སྐྱོར་བྱ་བ་སྤེལ་བཞིན་ཡོད་ཟེར།
གནས་ཚལ་ཤེས་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དུ་ཚེས་བཅུ་གཉིས་ཉིན་ཆ་འཕྲིན་དྲ་རྒྱ་ཡོངས་སུ་ཆད་པ་ནས་བཟུང་ད་ལྟའི་བར་དུ་སླར་གསོ་བྱས་མེད་ཟེར།
ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི་བརྒྱ་དང་རེ་གསུམ་རྐྱེན་ལམ་དུ་བཏང་བ་དང་མི་སུམ་བརྒྱ་ལྔ་བཅུ་རྨས། 2023ལོའི་ཟླ10པའི་ཚེས7ཉིན་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གཉིས་དང་སྟོང་བཞི་བཞི་བརྒྱ་ལྷག་རྐྱེན་ལམ་དུ་བཏང་བ་དང་མི་ཁྲི་དྲུག་དང་སྟོང་གཅིག་ལྷག་རྨས།
ལྷ་མོ་ཚེ་རིང་གིས་བསྒྱུར།