དབྱི་སི་རལ་གྱི་དཔོན་དཔག་གིས་དབྱི་སི་རལ་བྱང་ཕྱོགས་སུ་དམག་འཁྲུག་འབྱུང་སྲིད་པའི་ཉེན་ཁ་ཇེ་ཆེར་སོང་ཡོད་པའི་ཚུལ་བསྟན།
2024.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

དབྱི་སི་རལ་རྒྱལ་སྲུང་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཧཱ་ལེ་ཝེ་ཡིས་ཚེས17ཉིན་བསྟན་དོན།     ལེ་པ་ནུན་དང་འདབས་འབྲེལ་དུ་ཡོང་པའི་དབྱི་སི་རལ་བྱང་ཕྱོགས་སུ་མ་འོངས་པའི་ཟླ་འགའི་རིང་དམག་འཁྲུག་འབྱུང་སྲིད་པའི་ཉེན་ཁ་སྔར་ལས་ཇེ་ཆེར་སོང་ཡོད་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ལྟར་ན།  ཧཱ་ལེ་ཝེ་ཡིས་ཉིན་དེར་དབྱི་སི་རལ་བྱང་ཕྱོགས་སུ་སྡོད་པའི་དམག་དཔུང་ལ་ལྟ་ཞིབ་བྱེད་སྐབས་བཤད་རྒྱུར།    ངས་བྱང་ཕྱོགས་ཀྱི་དམག་འཁྲུག་ནམ་ཞིག་ལ་འབྱུང་སྲིད་པ་མི་ཤེས།   འོན་ཀྱང་མ་འོངས་པའི་ཟླ་འགའི་རིང་གནས་ཚུལ་དེ་འདྲ་འབྱུང་སྲིད་པའི་ཉེན་ཁ་སྔར་ལས་ཇེ་ཆེར་སོང་ཡོད་ཟེར།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན།    ཧཱ་ལེ་ཝེ་ཡིས་བསྟན་དོན།   དབྱི་སི་རལ་གྱིས་བྱང་ཕྱོགས་སུ་དམག་འཁྲུག་རྒྱ་པའི་དམིགས་འབེན་ཧ་ཅང་གསལ་བོ་ཡིན། དེ་ནི་དབྱི་སི་རལ་བྱང་ཕྱོགས་ཀྱི་རང་ཁྱིམ་དང་བྲལ་བའི་སྡོད་དམངས་དག་ཕྱིར་རང་གི་ཁྱིམ་གཞིས་སུ་ལོག་ཏུ་འཇུག་རྒྱུ་དེ་ཡིན་ཟེར།

ན་ནིང་གི་ཟླ10པའི་ཚེས7ཉིན།    ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་གློ་བུར་དུ་དབྱི་སི་རལ་ལ་འཇབ་རྒོལ་བྱས་ཏེ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་གསར་པའི་འཁྲུག་རྩོད་བྱུང་།    ལེ་པ་ནུན་ཀྲིན་ཀྲུའུ་ཏང་གིས་དེའི་རྗེས་སུ་དུས་ངེས་མེད་དུ་དབྱི་སི་རལ་བྱང་ཕྱོགས་སུ་འཇབ་རྒོལ་བྱེད་བཞིན་ཡོད་པ་དང་།   དབྱི་སི་རལ་གྱིས་ལེ་པ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་དང་མེ་སྒྱོགས་འཕངས་ཏེ་རྒོལ་ལན་སློག་བཞིན་ཡོད།   དབྱི་སི་རལ་ཕྱོགས་ཀྱིས་བཤད་རྒྱུར།   ཕྱོགས་གཉིས་ཀྱི་འཁྲུག་རྩོད་ལས་དབྱི་སི་རལ་བྱང་ཕྱོགས་མཐའ་མཚམས་ཀྱི་སྡོད་དམངས་ཁྲི་བརྒྱད་རང་ཁྱིམ་དང་བྲལ་ནས་ཡུལ་གཞན་དུ་སོང་ཡོད་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།