དབྱི་ལང་ཕྱི་འབྲེལ་པུའུ་ཡིས་ཚེས17ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་ཞི་དབྱང་གིས་ཉིན་དེར་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཅི་ལཱ་ཉི་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གནས་ཚུལ་གསར་པའི་ཐད་ཁ་པར་བཏང་ཟེར།
གསལ་བསྒྲགས་ཁྲོད་བཤད་རྒྱུར། ཨ་པུའུ་ཏུའུ་ལཱ་ཞི་དབྱང་གིས་ཁ་པར་གཏོང་སྐབས་བསྟན་དོན། དབྱི་ལང་གིས་ཁྱིམ་མཚེས་རྒྱལ་ཁབ་ཕ་ཁི་སི་ཐན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཁྱབ་ཁོངས་མི་འདྲ་བ་ནས་མུ་མཐུད་དུ་མཉམ་ལས་དང་འབྲེལ་འདྲིས་དམ་ཟབ་བྱེད་དགོས་ཟེར།
ཨ་པུའུ་ཏུའུ་ལཱ་ཞི་དབྱང་གིས་བཤད་རྒྱུར། དབྱི་ལང་གི་བདེ་འཇགས་ལ་ཕ་ཁི་སི་ཐན་མངའ་ཁོངས་སུ་གནས་པའི་འཇིགས་སྐུལ་རྩ་འཛུགས་དྲང་བདེན་དམག་དཔུང་གི་འཇིགས་སྐུལ་ཐེབས་པ་དང་། བྱ་སྤྱོད་དེས་ཕ་ཁི་སི་ཐན་དང་དབྱི་ལང་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་བདེ་འཇགས་ལ་གནོད་སྐྱོན་ཐེབས་སྲིད། དབྱི་ལང་གི་དྲག་ཆས་དམག་དཔུང་གི་ཚེས16ཉིན་གྱི་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་འགུལ་སྐྱོད་ཀྱིས་འཇིགས་སྐུལ་རྩ་འཛུགས་དེར་དམིགས་པ་ལས་ཕ་ཁི་སི་ཐན་གྱི་རྒྱལ་དམངས་ལ་དམིགས་པ་མིན། ཕྱོགས་གཉིས་ཀྱིས་ཡང་དག་གི་བགྲོད་ལམ་སྟེང་བསམ་འཆར་བརྗེ་རེས་བྱས་ཏེ་བདེ་འཇགས་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱུ་ནི་རེ་བ་ཡིན་ཟེར།
གཞན་ཡང་ཕ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས17ཉིན་གལས་བསྒྲགས་སྤེལ་ནས་བཤད་རྒྱུར། ཅི་ལཱ་ཉི་ལ་ཉིན་དེར་ཨ་པུའུ་ཏུའུ་ལ་ཞི་དབྱང་གི་ཁ་པར་འབྱོར། ཅི་ལཱ་ཉི་ཡིས་ཁ་པར་ཁྲོད་བསྟན་དོན། དབྱི་ལང་གིས་ཚེས16ཉིན་ཕ་ཁི་སི་ཐན་མངའ་ཁོངས་སུ་འཇབ་རྒོལ་བྱས་པ་དེས་ཕ་ཁི་སི་ཐན་གྱི་བདག་བདག་ལ་བཙན་འཛུལ་ཚབས་ཆེན་བྱས་པ་ཡིན་ལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་དེ་མིན་ཕ་ཁི་སི་ཐན་དང་དབྱི་ལང་ཕྱོགས་ཀྱི་འབྲེལ་བའི་དགོངས་དོན་དང་འགལ་བ་ཡིན་ཞིང་། ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད། ཕ་ཁི་སི་ཐན་ཕྱོགས་ཀྱིས་དེར་རྒོལ་གཏམ་བཏང་བར་མ་ཟད། ཁ་གཏད་འཇལ་བའི་ཁེ་དབང་སོར་འཇོག་བྱས་པ་ཡིན་ཟེར།
ཅི་ལཱ་ཉི་ཡིས་བསྟན་དོན། འཇིགས་སྐུལ་རིང་ལུགས་ནི་ས་ཁུལ་དེའི་ཐུན་མོང་གི་འཇིགས་སྐུལ་ཡིན་པ་དང་། ཕྱོགས་གཅིག་གི་འགུལ་སྐྱོད་ཀྱིས་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་གཏོར་བརླག་ཚབས་ཆེན་གཏོང་ངེས་པས། མཐུན་སྦྱོར་གཅིག་གྱུར་སྒོས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་དགོས་ཟེར།
དབྱི་ལང་ཐཱ་སི་ཉི་མུའུ་འཕྲིན་གཏོང་ཁང་གིས་ཚེས16ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། འཇིགས་སྐུལ་རྩ་འཛུགས་དྲང་བདེན་དཔག་དཔུང་གི་ཕ་ཁི་སི་ཐན་མངའ་ཁོངས་ཀྱི་གཏན་སྡོད་ཁུལ་གཉིས་ཉིན་དེར་འཕུར་མདེལ་དང་མི་མེད་གནམ་གྲུས་གཏོར་ཟེར། ཕ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས17ཉིན་གྱི་ཞོགས་པར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་ལང་གིས་དོན་མེད་དུ་ཕ་ཁི་སི་ཐན་གྱི་བར་སྣང་མངའ་ཁོངས་སུ་བཙུན་འཛུལ་བྱས་པ་ལས་བྱིས་པ་གཉིས་རྐྱེན་ལམ་དུ་བཏང་བ་དང་བུ་མོ་གསུམ་ལ་རྨས་ཕོག་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་དེར་ངོ་རྒོལ་དང་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཟེར། ཕ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཕ་ཁི་སི་ཐན་གྱི་དབྱི་ལང་དུ་སྡོད་པའི་གཞུང་ཚབ་ཆེན་པོ་ཕྱིར་འབོད་རྒྱུ་ཁྱབ་བསྒྲགས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།