ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁའི་དངོས་ཟོག་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2024.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཡེ་མིན་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་ཡེ་ཧེ་ཡ་སཱ་ལེ་ཡ་ཡིས་ཚེས17ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།     རྩ་འཛུགས་དེས་ཡ་ཏེན་གྲུ་ཁར་བསྐྱོད་པའི་ཨ་མེ་རི་ཁའི་དངོས་ཟོག་གྲུ་གཟིངས་ཤིག་ལ་འཕུལ་མདེལ་འགའ་འཕངས་པར་མ་ཟད་གྲུ་གཟིངས་དེར་ཕོག་ཡོད་ཟེར།

སཱ་ལེ་ཡ་ཡིས་བསྟན་དོན།   གྲུ་གཟིངས་དེ་ནི་ཅིན་ཁུ་ཕི་ཁཱ་ཏེས་རྟགས་ཅན་གྱི་དངོས་ཟོག་གྲུ་གཟིངས་ཤིག་ཡིན་པ་དང་།   དེར་འཇབ་རྒོལ་བྱས་པ་ནི་ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཧུའུ་སེ་དྲག་ཆས་པར་བར་སྣང་འཇབ་རྒོལ་བྱས་པར་རྒོལ་ལན་སློག་པ་ཡིན་ཟེར།

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཚེས17ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་ཆ་འཕྲིན་སྤེལ་ནས་བཤད་རྒྱུར།     མི་མེད་གནམ་གྲུ་ཞིག་ཉིན་དེར་ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་ཁུལ་དུ་འཕུར་ནས་ཡ་ཏེན་གྲུ་ཁར་བསྐྱོད་པའི་ཅིན་ཁུ་ཕི་ཁཱ་ཏེས་རྟགས་ཅན་གྱི་དངོས་ཟོག་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས།  ཐེངས་འདིའི་འཇབ་རྒོལ་གྱིས་མི་སྣར་ཤི་རྨས་བཟོས་མེད་པ་དང་།  གྲུ་གཟིངས་དེར་གནོད་སྐྱོན་ཅུང་ཙམ་ཐེབས་ཡོད་མོད།  འོན་ཀྱང་མུ་མཐུད་དུ་མཚོ་འགྲུལ་བྱེད་བཞིན་ཡོད་ཟེར།

ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་གསར་པའི་འཁྲུག་རྩོད་བྱུང་བའི་ཚུན་ལ།  ཡེ་མིན་ཧུའུ་སེ་དྲག་ཆས་པས་མི་མེད་གནམ་གྲུ་དང་འཕུར་མདེལ་བཀོལ་ནས་མཚོ་དམར་མཚོ་ཁོངས་ཀྱི་དམིགས་འབེན་ལ་ཐེངས་མང་པོར་འཇབ་རྒོལ་བྱས།  ཡེ་མིན་ཧུའུ་སེ་དྲག་ཆས་པས་བསྟན་དོན།    དབྱི་སི་རལ་དང་འབྲེལ་བའི་གྲུ་གཟིངས་ནི་རྩ་འཛུགས་དེའི་ཁྲིམས་མཐུན་གྱིས་རྡུང་རྡེག་གཏོང་བའི་དམིགས་འབེན་ཡིན་ཟེར།

ཨ་མེ་རི་ཁ་དང་དབྱིན་ཇི་གཉིས་ཀྱིས་ཟླ་འདིའི་ཚེས12ཉིན་ཡེ་མིན་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་མུ་མཐུད་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི་སྣ་མང་པོ་ཤི་རྨས་བཟོས།    རྒྱལ་ཁབ་ཁ་ཤས་ཀྱིས་ཨ་མེ་རི་ཁ་དང་དབྱིན་ཇི་གཉིས་ཀྱི་འགུལ་སྐྱོད་ལ་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་།   དེ་ནི་ཡེ་མིན་གྱི་བདག་དབང་ལ་བཙན་འཛུལ་བྱས་པ་དང་།   དེས་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་པར་འདོད།

ལྷ་མོ་ཚེ་རིང་གིས་བསྒྱུར།