འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དཔོན་དམག་གིས་ཅཱ་ཧྲ་ས་ཁུལ་དུ་རྨས་མ་རྣམས་ལ་སྨན་བཅོས་བཟང་བོ་བྱེད་ཐུབ་མེད་ཅེས་བཤད།
2024.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དཔོན་དམག་ཞི་ཨུན་ཁའེ་ཞི་ཡིས་ཚེས17ཉིན་ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་མ་ལག་གི་ཡ་ང་བའི་གནས་ཚུལ་ཞིབ་བརྗོད་བྱས་པ་ལྟར་ན།   རིགས་སོ་སོའི་ཐོན་ཁུངས་ཧ་ཅང་དཀོན་པ་དང་རྨས་མ་རྣམས་ལ་སྨན་ཁང་དུ་སྨན་བཅོས་བཟང་བོ་བྱེད་པར་སྒུག་ཡོད།  ཁའེ་ཞི་ཡིས་ཅཱ་ཧྲ་ས་ཁུལ་དུ་བྱ་བ་སྒྲུབ་ནས་གཟའ་འཁོར་ལྔ་ཙམ་འགོར་ཡོད།   ས་གནས་དེའི་སྨན་ཁང་སོ་དྲུག་ཁྲོད་ཀྱི་སྨན་ཁང་བཅུ་དྲུག་གིས་ད་རུང་ལས་དོན་ཁག་ཅིག་འཁོར་སྐྱོད་བྱེད་ཐུབ།   ཁོ་དེའི་ཁྲོད་ཀྱི་སྨན་ཁང་དྲུག་ཏུ་སོང་ནས་སྨན་ཁང་གི་མ་ལག་མགྱོགས་མྱུར་གྱིས་ཇེ་སྡུག་ཏུ་འགྲོ་བ་དངོས་སུ་མཐོང་།

ཁའེ་ཞི་ཡིས་ཨ་མེ་རི་ཁའི་ཉིའུ་ཡའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར།   ཅཱ་ཧྲ་ས་ཁུལ་བྱང་ཕྱོགས་ཀྱི་ཅཱ་ཧྲ་མཁར་གྱི་ཨ་ཧི་ལིས་སྨན་ཁང་དུ་སོལ་རླངས་མེད་པ་དང་གློག་མེད་ལ།  ཆུའང་མེད་པར་མ་ཟད།   སྨན་རྫས་མཁོ་དངོས་ཧ་ཅང་ཉུང་བས།  རྨས་མ་རྣམས་ཀྱིས་སྨན་ཁང་དུ་འཆི་རྒྱུར་སྒུག་པ་ཙམ་རེད་ཟེར།

ཞི་ཧྥ་སྨན་ཁང་ནི་ཅཱ་ཧྲ་མཁར་གྱི་སྨན་ཁང་གཞན་པ་ཞིག་ཡིན་ཞིང་།   དེ་སྔ་སྨན་ཁང་དེ་ནི་ཅཱ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་སྨན་ཁང་ཡིན་པ་དང་།   ཉལ་ཁྲི་བདུན་བརྒྱ་ལྷག་ཡོད།    ད་ལྟ།  སྨན་ཁང་དེས་ཉིན་རེར་རྨས་མ་མང་པོར་སྐྱོབ་བཅོས་བྱེད་དགོས་པ་དང་།  སྨན་ཁང་ཡོངས་ལ་ནད་གཡོག་ལྔ་དྲུག་ཙམ་ལས་མེད་ཟེར།

ཁའེ་ཞི་ཡིས་བཤད་རྒྱུར།   ཅཱ་ཧྲ་ས་ཁུལ་དུ་བྱ་བ་སྒྲུབ་པའི་རིང་ལ།   སྨན་ཁང་གི་འགོ་གཙོས་ང་ལ་ཁོ་ཚོའི་ཕྱི་ནད་ཚན་ཁག་གི་སྨན་པས་བཤགས་བཅོས་བྱེད་ཐབས་མེད། རྒྱུ་མཚན་ནི་ཁོ་ཚོ་ཕྱི་རུ་བུད་ཤིང་འཐུ་རུ་སོང་ནས་ཁྱིམ་མིར་ཁ་ཟས་ལས་དགོས་པས་རེད་ཅེས་བཤད་ཟེར།

སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་ནས་ཉིན་བརྒྱ་ལྷག་འགོར་བ་དང་།  དེས་ཅཱ་ཧྲ་ས་ཁུལ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་ལ་འཕྲད་པར་བྱས།   ཕལ་ཆེར་བརྒྱ་ཆའི་གྱ་ལྔའི་སྡོད་དམངས་རང་ཁྱིམ་དང་བྲལ་ཡོད།    ས་དེའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར།   འདས་པའི་དུས་ཚོད་ཉེར་བཞིའི་རིང་སྨན་ཁང་སོ་སོས་བེམ་པོ་བརྒྱ་དང་རེ་གསུམ་བསྡུ་ལེན་བྱས་པ་དང་རྨས་པ་སུམ་བརྒྱ་ལྔ་བཅུ་བསྡུ་ལེན་སྨན་བཅོས་བྱས།   དབྱི་སི་རལ་གྱིས་དམག་དོན་འགུལ་སྐྱོད་ཀྱིས་ཕ་ལེ་སི་ཐན་ཕྱོགས་ཀྱི་མི་ཁྲི་གཉིས་སྟོང་བཞི་བཞི་བརྒྱ་ཞེ་བརྒྱད་རྐྱེན་ལམ་དུ་བཏང་བ་དང་མི་ཁྲི་དྲུག་རྨས།   གསུམ་ཆའི་གཉིས་ཀྱི་འདས་པོ་ནི་བུད་མེད་དང་བྱིས་པ་རེད།   འདས་པོ་དང་རྨས་མ་མང་པོ་ད་རུང་ཁང་བའི་ཞིག་རོའི་འོག་ཏུ་མནན་ཡོད་ངེས་ཟེར།

གཟའ་འཁོར་སྔོན་མར།   ཁའེ་ཞི་ཡིས་ཅཱ་ཧྲ་ས་ཁུལ་ལྷོ་ཕྱོགས་ཀྱི་ཧན་ཡོའུ་ཉི་སི་གྲོང་ཁྱེར་གྱི་ནཱ་སེ་ཨར་སྨན་ཁང་དུ་རྨས་མའི་གྲངས་ཀ་མལ་ཁྲིའི་ལྡབ་གཅིག་ལྷག་གིས་མང་ཡང་།   སྨན་བཅོས་མི་སྣ་བརྒྱ་ཆའི་སུམ་ཅུ་ལས་མེད།    འཚིག་རྨས་ཁུལ་དུ་རྨས་མ་བརྒྱ་ཡོད་ཀྱང་སྨན་པ་གཅིག་ལས་མེད་པ་མཐོང་།   ཁོས་བཤད་རྒྱུར།   སྨན་ཁང་སོ་སོའི་ནང་གི་འཚོག་རྨས་བྱུང་བའི་ནད་པ་དང་རུས་ཆག་ནད་པས་ཆུ་ཚོད་ཁ་ཤས་སམ་ཐ་ན་ཉིན་འགར་སྒུག་ན་ད་གཟོད་སྨན་བཅོས་མྱོང་ཐུབ་ཟེར།

ཁའེ་ཞི་ཡིས་བཤད་རྒྱུར།  མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་སྨན་བཅོས་མ་ལག་ཉིན་རེ་ཉིན་རེར་ཇེ་ཞན་དུ་འགྲོ་བཞིན་ཡོད་ཟེར།

ཁ་ཐར་དང་ཧྥ་རན་སིའི་འདུམ་འགྲིག་འོག་ཏུ།   གཟའ་འཁོར་འདིའི་ནང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སི་དང་དབྱི་སི་རལ་བར་མི་ཆོས་རིང་ལུགས་ཀྱི་གྲོས་མཐུན་ཞིག་ལ་གྲོས་འཆམ་བྱུང་སྟེ།  ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་ཡོད་པའི་དབྱི་སི་རལ་གྱི་མིར་སྨན་རྫས་ཐོབ་ཐུབ་པ་དང་།   དབྱི་སི་རལ་ཕྱོགས་སྨན་རྫས་སྐོར་ཞིག་དང་བཅས་པའི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་འདྲེན་བྱེད་པར་འཐད་པ་བྱུང་།   དངོས་རྫས་དེ་དག་ལ་བསྡོམས་པས་ཏུན་རེ་གཅིག་ཡོད་པ་དང་།  ཁ་ཐར་དང་ཧྥ་རན་སིས་གྲབས་གསོག་བྱེད་དགོས།   ཁ་ཐར་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བཤད་རྒྱུར།    གྲོས་མཐུན་ནང་གི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་འདྲེན་བྱས་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།