སི་རི་ཡའི་ལྷོ་ཕྱོགས་ཀྱི་གྲོང་རྡལ་གཉིས་ལ་བར་སྣང་འཇབ་རྒོལ་ཐེབས་ཏེ་མི་བཅུ་རྐྱེན་ལམ་དུ་ཤོར།
2024.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

སི་རི་ཡའི་ལྷོ་ཕྱོགས་ཀྱི་སུའུ་ཝེ་ཏཱ་ཞིང་ཆེན་གྱི་དཔོན་དམག་གིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར།  ཞིང་ཆེན་དེའི་མཁར་གྲོང་གཉིས་ལ་ཉིན་དེར་བར་སྣང་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་སེར་དཀྱུས་མ་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་རྨས་ཟེར།

སུའུ་ཝེ་ཏཱ་ཞིང་ཆེན་སྲིད་གཞུང་གི་དཔོན་དམག་པཱ་ཞི་མུའུ་ཧཱ་ཐུའུ་མུའུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།   ཅོར་ཏན་གྱིས་ཚེས་བཅོ་བརྒྱད་ཉིན་ཞིང་ཆེན་དེའི་མཱ་ལ་ཧི་གྲོང་རྡལ་དང་ཨོ་ཨར་མན་གྲོང་རྡལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ་བུད་མེད་དང་བྱིས་པ་འདུས་པའི་མི་སེར་དཀྱུས་མ་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་རྨས་ཟེར།

ས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གཉིས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།   བར་སྣང་འཇབ་རྒོལ་དེ་ཉིན་དེའི་ཞོགས་པར་བྱུང་བ་དང་།  གྲོང་རྡལ་གཉིས་ཀྱི་སྡོད་ཁང་མང་པོ་དང་མཛོད་ཁང་གཅིག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ལ།   ཉེ་འཁོར་གྱི་མང་ཚོགས་ཀྱིས་ཞིག་རོའི་འོག་ཏུ་བེམ་པོ་མང་པོ་རྙེད་ཟེར།

ཅོར་ཏན་ཕྱོགས་ཀྱིས་མིག་སྔར་འཇབ་རྒོལ་དོན་རྐྱེན་དེའི་ཐད་གསལ་བསྒྲགས་ཅི་ཡང་སྤེལ་མེད།

མཱ་ལ་ཧི་གྲོང་རྡལ་དང་ཨོ་ཨར་མན་གྲོང་རྡལ་གཉིས་སུའུ་ཝེ་ཏཱ་ཞིང་ཆེན་ཤར་ལྷོའི་ཕྱོགས་སུ་ཡོད་པ་དང་ཅོར་ཏན་དང་བར་ཐག་སྤྱི་ལེ་ཉི་ཤུ་ཡོད།   ཉེ་བའི་ལོ་འགའི་རིང་།   ཅོར་ཏན་ཕྱོགས་ཀྱིས་ལེ་པ་ནུན་ཀྲིན་ཀྲུའུ་ཏང་དང་སི་རི་ཡའི་ལྷོ་ཕྱོགས་ས་ཁུལ་དུ་ཡོད་པའི་དྲག་ཆས་རྩ་འཛུགས་ནི་ས་ཁུལ་གྱི་དུག་རྫས་ལྐོག་འཚོང་མཁན་ཡིན་པར་ངོས་འཛིན་བྱས་ནས།   སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་ཐེངས་མང་པོར་རྒོལ་རྡུང་བྱས།   ཀྲིན་ཀྲུའུ་ཏང་གིས་འབྲེལ་ཡོད་ངོས་འཛིན་དེ་ཁས་ལེན་ཀྱིན་མེད།

ལྷ་མོ་ཚེ་རིང་གིས་བསྒྱུར།