ཨུ་རུ་སི་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་མགྱོགས་མྱུར་འཕེལ་རྒྱས་སོང་།
2024.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན།  ཨུ་རུ་སི་དང་ཀྲུང་གོའི་བར་དུ་རྒྱ་ཆེ་ཞིང་ཆུ་ཚད་མཐོ་བའི་མཉམ་ལས་ནང་རྐྱེན་བཙུགས་ཡོད་པ་དང་།   ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་མགྱོགས་མྱུར་འཕེལ་རྒྱས་སོང་ཟེར།

ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཉིན་དེར་ཉིས་སྟོང་ཉེར་གསུམ་ལོའི་ཨུ་རུ་སིའི་ཕྱི་འབྲེལ་ལོ་ཚོགས་ཀྱི་གསར་འགོད་པའི་ཚོགས་འདུའི་སྟེང་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན།   དཔལ་འབྱོར་ཁྱབ་ཁོངས་སུ།  ཉིས་སྟོང་ཉེར་གསུམ་ལོར་ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབོར་གྲངས་གཏན་འཁེལ་བྱས་པའི་མེ་སྒོར་དུང་ཕྱུར་སྟོང་གཉིས་ཀྱི་དམིགས་འབེན་ལས་བརྒལ་བ་དང་།  འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་དེ་མུ་མཐུད་དུ་སྲུང་འཛིན་བྱེད་འོས། གཞན་དུ་རུང་།  ཕྱོགས་གཉིས་ཀྱིས་ལོ་རེར་རིག་གནས་དང་སློབ་གསོའི་ཁྱབ་ཁོངས་ཀྱི་བྱ་འགུལ་མཉམ་དུ་སྤེལ་ངེས་པ་དང་། ད་ལོའང་དེ་ལས་མ་འདས།   བྱ་འགུལ་དེ་དག་གིས་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་བར་གྱི་གྲོས་མོལ་ལ་མུ་མཐུད་དུ་གོ་སྐབས་འདོན་སྤྲོད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་ཐུབ་ཟེར།

ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཨུ་རུ་སི་དང་ཀྲུང་གོའི་བར་རྒྱ་ཆེ་ཞིང་ཆུ་ཚད་མཐོ་བའི་མཉམ་ལས་ནང་རྐྱེན་བཙུགས་ཡོད།   ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་ཕྱོགས་གཉིས་ཀྱི་ད་ལྟ་སྤེལ་བཞིན་པའི་གཉིས་ཕན་མཉམ་ལས་ལས་གཞིར་མཐུན་སྦྱོར་བྱེད་པར་ཕན་པ་ཡོད་ཅེས་ནན་གྱིས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།