ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་སྟེང་ཨུ་རུ་སིའི་ལུགས་མཐུན་དོ་ཁུར་ལ་བསམ་གཞིགས་གཏོང་འདོད་མེད་པར་འདོད།
2024.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཚེས18ཉིན་བཤད་རྒྱུར།    ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་སྟེང་ཨུ་རུ་སི་ཕྱོགས་ཀྱི་ལུགས་མཐུན་དོ་ཁུར་ལ་བསམ་གཞིགས་གཏོང་བའི་ཐག་གཅོད་ཇུས་གཞི་སྤྱོད་འདོད་མེད་ཟེར།

ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་བྱ་བའི་ལོ་ཚོགས་ཀྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར།    ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱིས་སྔར་ལས་གཞི་རྒྱ་ཆེ་བའི་རྒྱང་བསྟེན་མཚོན་ཆ་བཀོལ་ནས་ཁི་ལི་མེས་ཡར་འཇབ་རྒོལ་དང་ཨུ་རུ་སིའི་མངའ་ཁོངས་ལ་འཇབ་རྒོལ་བྱེད་པར་ངན་སྐུལ་བྱེད་བཞིན་ཡོད་ལ།   ཐ་ན་ངལ་སྐུལ་ཙམ་མ་ཟད་ཐད་ཀར་དུ་ཝུའུ་ཁི་ལན་ཕྱོགས་ལ་མཚོན་ཆ་འདོན་སྤྲོད་བྱེད་བཞིན་ཡོད་ཟེར།

ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་བཤད་རྒྱུར།    ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་དམིགས་བསལ་དམག་དོན་འགུལ་སྐྱོད་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ཡིན་པས།   བྱེད་ཐབས་ཤིག་ལ་བརྟེན་ནས་ཨུ་རུ་སི་ཕམ་ཉེས་སུ་གཏོང་འདོད་པ་དེར་རེ་བ་ཅི་ཡང་མེད་ཟེར།  ཁོས་ད་རུང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་སུའེ་ཙེར་གྱི་རི་ནེ་ཝ་རུ་ཐད་ཀར་གྲོས་མོལ་བྱེད་པའི་འབྲེལ་ཡོད་བཤད་ཚུལ་དེ་ནི་དཀྲོག་གཏམ་ཞིག་ཡིན་ཟེར།

ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཤད་པ་ནང་བཞིན།   ཨུ་རུ་སིས་ཝུའུ་ཁི་ལན་གནད་དོན་ཐད་གྲོས་མོལ་བྱེད་པ་བསྐྱུར་མི་སྲིད་པ་དང་།   གྲོས་མོལ་དང་ལེན་མི་བྱེད་མཁན་དག་གིས་གྲོས་མོལ་དུས་ཡུན་ཅི་ཙམ་བསྣུར་ན་གྲོས་མོལ་ཐད་དེ་ཙམ་གྱིས་དཀའ་ཁག་ཡོད་པ་ཤེས་དགོས་ཞེས་ནན་གྱིས་བསྟན།

                                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།