ཀྲུང་གོས་ཁམ་ཕུ་ཁྲེ་ཕྱོགས་ལ་འགད་རྫས་གཙང་སེལ་སྒྲིག་ཆས་དང་མི་ཆོས་རིང་ལུགས་ཀྱི་དངོས་རྫས་རོགས་སྐྱོར་བྱས།
2024.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཀྲུང་གོས་ཁམ་ཕུ་ཁྲེ་ལ་རོགས་སྐྱོར་བྱེད་པའི་འགད་རྫསགཙང་སེལ་སྒྲིག་ཆས་དང་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རྩིས་སྤྲོད་རྩིས་ལེན་དང་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འགད་རྫས་གཙང་སེལ་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོར་མིང་རྟགས་འགོད་པའི་མཛད་སྒོ་ཚེས་བཅོ་བརྒྱད་ཉིན་ཁམ་ཕུ་ཁྲེའི་རྒྱལ་ཁབ་ཅིན་པེན་ནས་བསྡུས།     ཀྲུང་གོའི་ཁམ་ཕུ་ཁྲེ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཝང་ཝུན་ཐེན་དང་ཁམ་ཕུ་ཁྲེའི་རྒྱལ་སྲིད་བློན་ཆེན་གྱི་ཞོར་དུ་འགདརྫས་གཙང་སེལ་འགུལ་སྐྱོད་དང་གནོད་ཕེབས་མཁན་ལ་རོགས་སྐྱོར་བྱེད་པའི་སྡེ་ཁག་གི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མཁན་ལིས་ཐུའུ་སོགས་མཛད་སྒོར་ཞུགས།

ཝང་ཝུན་ཐེན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིར་ཁམ་ཕུ་ཁྲེ་ཕྱོགས་ལ་འགད་རྫས་གཙང་སེལ་སྒྲིག་ཆས་དང་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རོགས་སྐྱོར་བྱས་པར་མ་ཟད།   ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་འགད་རྫས་གཙང་སེལ་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་གསར་པ་བཀོད་པ་དེ་ནི་ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་ལ་རོགས་སྐྱོར་བྱས་ཏེ2025ལོར་ཕྱོགས་ཡོངས་ནས་འགད་རྫས་གཙང་སེལ་བྱེད་པ་མངོན་འགྱུར་བྱེད་པའི་ཞིབ་ཕྲའི་མངོན་སྟངས་ཤིག་ཡིན་པ་དང་།   ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ་ལག་བསྟར་བྱེད་པའི་ཞིབ་ཕྲའི་འགུལ་སྐྱོད་ཅིག་ཡིན་ཟེར།

ལིས་ཐུའུ་ཡིས་དབུ་བཞུགས་བློན་ཆེན་ཧུང་མཱ་ནེ་ཡིས་ཚབ་བྱས་ཏེ་ཁམ་ཕུ་ཁྲེ་ཕྱོགས་ལ་འགད་རྫས་ཕྱོགས་ཡོངས་ནས་གཙང་སེལ་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་འདེགས་བྱས་པར་བཀའ་དྲིན་ཞུས།  ཁོས་བསྟན་དོན།   ཀྲུང་གོས་ཁམ་ཕུ་ཁྲེ་ཕྱོགས་རོགས་བྱས་ཏེ་སྤྱི་ལེ་གྲུ་བཞི་མ་བརྒྱ་ལྷག་གི་འགད་རྫས་ཁུལ་གཙང་སེལ་བྱས་ནས་འགད་རྫས་ཁྲི་བདུན་དང་སྟོང་བརྒྱད་རྙེད་པ་དང་།   མི་དམངས་ས་ཡ་གཅིག་དང་འབུམ་ལྔ་ལྷག་གི་ཚེ་སྲོག་བསྐྱབས། དེར་མ་ཟད།  ཀྲུང་གོ་ཕྱོགས་ཀྱི་ད་རུང་ཁམ་ཕུ་ཁྲེ་ཕྱོགས་ལ་རོགས་སྐྱོར་བྱས་ཏེ་འགད་རྫས་ཞིབ་བཤེར་མི་སྣར་གསོ་སྦྱོང་བྱས་ཟེར།

ལིས་ཐུའུ་ཡིས་བསྟན་དོན།   ཐེངས་འདིའི་ཁམ་ཕུ་ཁྲེ་དང་ཀྲུང་གོ་གཉིས་བར་འགད་རྫས་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད་པར་དོན་སྙིང་གལ་ཆེན་ལྡན་ལ།  དེས་རྒྱལ་ཁབ་གཉིས་ཀྱི་འགད་རྫས་གཙང་སེལ་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་ཐུབ་པ་དང་།  ཁམ་ཕུ་ཁྲེ་དང་ཀྲུང་གོ་གཉིས་ཀྱི་མཛའ་བརྩེ་ཟབ་མོ་ཇེ་དྲག་ཏུ་གཏོང་ཐུབ།  ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་འོག་ཏུ།  ཁམ་ཕུ་ཁྲེ་ཕྱོགས་ཀྱི་འགད་རྫས་གཙང་སེལ་འགུལ་སྐྱོད་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཁམ་ཕུ་ཁྲེ་ནི་འཛམ་གླིང་གི་འགད་རྫས་ཉེན་ཁ་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན།    འདས་པའི་ལོ་སུམ་ཅུ་ལྷག་གི་རིང་ལ།   ཁམ་ཕུ་ཁྲེ་སྲིད་གཞུང་གིས་ཤུགས་ཆེན་པོས་འགད་རྫས་གཙང་སེལ་བྱས་ཏེ་མི་དམངས་ལ་བདེ་འཇགས་བདེ་ཐང་གི་འཚོ་བའི་ཁོར་ཡུག་བསྐྲུན་བཞིན་ཡོད་པ་དང་།   སྲིད་གཞུང་གིས2025ལོར་མངའ་ཁོངས་ཡོངས་སུ་འགད་རྫས་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་གཏན་འཁེལ་བྱས།   1999ལོའི་ཚུན་ལ།   ཀྲུང་གོས་འགད་རྫས་གཙང་སེལ་གྱི་གསོ་སྦྱོང་སྤེལ་བ་དང་དངོས་རྫས་ཞལ་འདེབས་སུ་ཕུལ་བ།   འགད་རྫས་གཙང་སེལ་སྒྲིག་ཆས་འདོན་སྤྲོད་བྱེད་པ།   ཆེད་མཁས་པ་མངག་ནས་ཡུལ་དངོས་མཛུབ་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཁམ་ཕུ་ཁྲེ་ཕྱོགས་ལ་ཐེངས་མང་པོར་རོགས་སྐྱོར་འདོན་སྤྲོད་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།