ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཧྥ་རན་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་གྲོས་མོལ་བྱ་བ་ཆེས་མཇུག་མཐའི་དུས་རིམ་དུ་སླེབས་ཡོད་པ་དང་། གྲོས་མཐུན་དེ་ནི་ཧྥ་རན་སིས་ཝུའུ་ཁི་ལན་ལ་དུས་ཡུན་རིང་བོར་རྒྱབ་སྐྱོར་བྱེད་པའི་མཚོན་རྟགས་ཡིན་ཟེར།
གཞན་ཡང་ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་བསྒྲགས་པའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལིན་སི་ཅི་གཉིས་ཀྱིས་ཁ་པར་གཏོང་སྐབས་ཧྥ་རིན་སིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། ཧྥ་རན་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱིས་ཟླ་གཉིས་པར་མཱ་ཁི་ལུང་གིས་ཝུའུ་ཁི་ལན་ལ་འཚམས་འདྲི་མ་བྱས་སྔོན་དུ་བདེ་འཇགས་གྲོས་མཐུན་དེ་འགོད་པར་རེ་བ་བཅངས་ཡོད་ཟེར།
ཙི་ལིན་སི་ཅི་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་བསྟན་དོན། ཝུའུ་ཁི་ལན་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་མཱ་ཁི་ལུང་གིས་ཝུའུ་ཁི་ལན་ལ་འཚམས་འདྲི་བྱེད་པའི་བྱ་བར་གྲ་སྒྲིག་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་བདེ་འཇགས་གྲོས་མཐུན་གྱི་གྲོས་མོལ་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བཞིན་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།