འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཡིད་ཆེས་བསྐྱར་སྐྲུན་བྱས་ཏེ་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་བཏང་།
2024.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཚོགས་ཡུན་ཉིན་ལྔ་ཡིན་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་ཚེས19ཉིན་སུའེ་ཙེར་གྱི་ཏ་ཝོ་སི་རུ་མཇུག་བསྒྲིལ།    ཚོགས་ཞུགས་མི་སྣ་མང་པོས་ཡིད་ཆེས་བསྐྱར་སྐྲུན་བྱས་ནས་འཛམ་གླིང་ཧྲིལ་བོའི་གཏན་འཁེལ་མེད་པའི་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་བཏང་།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་དབུ་འཛིན་པུའུ་ལོན་ཏི་ཡིས་ཉིན་དེར་མཇུག་སྒྲིལ་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས་བཤད་རྒྱུར།    འཛམ་གླིང་ཧྲིལ་བོ་ཛ་དྲག་ཡིན་ཞིང་རྙོག་འཛིང་ཆེ་བའི་འགྲན་རྩོད་ལ་འཕྲད་ཡོད་དེ།  གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར་གྱི་མཉེན་གཤིས་མི་འདང་བ།    བདེ་འཇགས་གནས་བབ་ཇེ་སྡུག་དུ་འགྲོ་བ་སོགས་གནད་དོན་མང་པོ་ས་ཁོངས་ཀྱི་དབྱེ་མཚམས་ལས་བརྒལ་ཏེ་མི་ཡོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།    གནད་དོན་དེ་དག་ཕྱོགས་རྐྱང་བའི་ངོས་ནས་ཐག་གཅོད་ཐབས་མེད་ལ།  མཉམ་ལས་བྱས་ཏེ་འགྲན་རྩོད་ལ་ཁ་གཏད་འཇལ་བའི་རྨང་གཞི་ནི་ཡིད་ཆེས་ཡིན་ཟེར།

པུའུ་ལོན་ཏི་ཡིས་བསྟན་དོན།  ཐེངས་འདིའི་ལོ་ཚོགས་སྟེང་གནམ་གཤིས་འགྱུར་ལྡོག་དང་ཕོ་མོ་འདྲ་མཉམ།   མིས་བཟོས་རིག་ནུས་འཕེལ་རྒྱས།   ནུས་ཁུངས་ཚུལ་སྒྱུར་སོགས་ཕྱོགས་ནས་འཕེལ་རྒྱས་བྱུང་ཡོད།   ཁ་ཐོར་ཅན་དང་མཐའ་གཉིས་སུ་གྱེས་པ་ཉིན་རེར་ཇེ་སྡུག་ཏུ་འགྲོ་བའི་རྒྱབ་ལྗོངས་འོག་ཏུ།   ཐེངས་འདིའི་ལོ་ཚོགས་ཀྱིས་གྲོས་མོལ་དང་མཉམ་ལས།  བྱ་སྤྱོད་ཁྲིད་ཕྱོགས་ཡིན་པའི་གྲོགས་པོའི་འབྲེལ་བར་ཡར་སྐུལ་གཏོང་ཆེད་བྱས་རྗེས་ཕུལ་ཡོད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་བསྟན་དོན།   ངེས་པར་དུ་མ་འོངས་པའི་ཡིད་ཆེས་བསྐྱར་སྐྲུན་བྱེད་དགོས་ཏེ་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཡིད་ཆེས་བསྐྱར་སྐྲུན་བྱེད་དགོས་ལ། ཆེས་གལ་ཆེ་བ་ནི་ཕན་ཚུན་བར་གྱི་ཡིད་ཆེས་བསྐྱར་སྐྲུན་བྱེད་དགོས།  ཡིད་ཆེས་ནི་འགུལ་སྐྱོད་དང་འདུ་ཤེས།   རེ་བ་བཅས་ཀྱི་དམ་བཅའ་ཡིན་ཟེར།

ཐེངས་འདིའི་གླེང་སྟེགས་ཚེས15ཉིན་ཏ་ཝོ་སི་ནས་ཚོགས་པ་དང་།  བརྗོད་དོན་ནི་ཡིད་ཆེས་བསྐྱར་སྐྲུན་ཞེས་པ་དེ་ཡིན་ལ། གླེང་སྟེགས་སྐབས་སུ་གྲོས་ཚོགས་དང་ཞིབ་བསྡུར་ཚོགས་འདུ450ཚོགས།   ལོ་ཚོགས་སྟེང་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་ལས་རིགས་དང་ཚོང་ལས་ལས་རིགས།   སློབ་གསོའི་ལས་རིགས།  སྨྱན་བྱད་ལས་རིགས་སོགས་ཀྱི་འཐུས་མི3000གཞི་གཅིག་ཏུ་འཛོམས་ནས་ཁ་ཐོར་གྱི་འཛམ་གླིང་ཁྲོད་བདེ་འཇགས་དང་མཉམ་ལས་མངོན་འགྱུར་བྱས་ནས་དུས་རབས་གསར་པར་འཕར་སྣོན་དང་ལས་ཞུགས་གསར་སྐྲུན་བྱེད་པ་དང་མིས་བཟོས་རིག་ནུས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   ཡུན་རིང་གི་གནམ་གཤིས་དང་རང་བྱུང་། ནུས་ཁུངས་འཐབ་ཇུས་ལག་བསྟར་བྱེད་པ་སོགས་གྲོས་དོན་བཞི་ལ་ཞིབ་ཏུ་གྲོས་བསྡུར་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།