ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས19ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་མཁའ་དམག་གིས་ཉིན་དེའི་དགོང་མོར་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཚོ་དམར་གྲོང་ཁྱེར་ཧི་ཐེ་ཏར་ཡང་བསྐྱར་བར་སྣང་འཇབ་རྒོལ་བྱས་ཟེར།
མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱིན་ཇིའི་མཁའ་དམག་གིས་ཧི་ཐེ་ཏ་བྱང་ཕྱོགས་ཀྱི་ཅཱ་པ་ན་ས་ཁུལ་དུ་འཇབ་རྒོལ་བྱས་ཟེར།
ཡེ་མིན་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་ཨ་པུའུ་ཏུའུ་ལི་སཱ་ལ་མུའུ་ཡིས་ཚེས19ཉིན་བཤད་རྒྱུར། རྩ་འཛུགས་དེས་མཚོ་དམར་དང་ཨ་རབ་རྒྱ་མཚོའི་སྟེང་གི་དབྱི་སི་རལ་དང་ཨ་མེ་རི་ཁ། དབྱིན་ཇི་བཅས་ཀྱི་མཚོ་གྲུ་ལ་མུ་མཐུད་དུ་འཇབ་རྒོལ་བྱེད་རྒྱུ་ཡིན་པ་དང་། དེ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བཟོས་པའི་དམག་འཁྲུག་དང་བཀག་སྡོམ་མཇུག་སྒྲིལ་རག་བར་དུ་རྒྱུན་བསྲིང་ངེས་ཡིན་ཟེར།
གཞན་ཡང་ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས19ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་ཡེ་མིན་མངའ་ཁོངས་ཀྱི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་གྱི་རྒོལ་རྡུང་ལེགས་འགྲུབ་བྱུང་ནས་འཇབ་རྒོལ་བྱེད་རྩིས་ཡོད་པའི་དམག་གྲུར་རྒོལ་བའི་འཕུར་མདེལ་གཏོང་འཕེན་སྒྲིག་ཆས་གསུམ་གཏོར་ཟེར།
སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཡེ་མིན་ཧུའུ་སེ་དྲག་ཆས་པས་མི་མེད་གནམ་གྲུ་དང་འཕུར་མདེལ་བཀོལ་ནས་མཚོ་དམར་མཚོ་ཁོངས་ཀྱི་དམིགས་འབེན་ལ་ཐེངས་མང་པོར་འཇབ་རྒོལ་བྱས་པ་དང་། ཨ་མེ་རི་ཁ་དང་དབྱིན་ཇིས་ཟླ1ཚེས12ཉིན་ཡེ་མིན་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་མུ་མཐུད་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི་སྣ་མང་པོ་ཤི་རྨས་བཟོས། རྒྱལ་ཁབ་ཁ་ཤས་ཀྱིས་ཨ་མེ་རི་ཁ་དང་དབྱིན་ཇི་གཉིས་ཀྱི་འགུལ་སྐྱོད་ལ་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། དེ་ནི་ཡེ་མིན་གྱི་བདག་དབང་ལ་བཙན་འཛུལ་བྱས་པ་དང་། དེས་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་པར་འདོད།
ལྷ་མོ་ཚེ་རིང་གིས་བསྒྱུར།