ས་དེའི་དུས་ཚོད་ཟླ་དང་པོའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་པ་ཞི་ལི་ཡ་རུ་པ་ཞིའི་ཕྱི་འབྲེལ་དཔོན་ཝེ་ཨེ་ལ་དང་མཉམ་དུ་ཀྲུང་གོ་དང་པ་ཞིའི་ཕྱི་འབྲེལ་དཔོན་རིམ་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོས་མོལ་ཐེངས་བཞི་པར་འགོ་འཛིན་བྱས།
ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་པ་ཞིའི་འབྲེལ་བས་རྒྱལ་སྤྱིའི་རྙོག་འཛིང་འགྱུར་ལྡོག་གནས་བབ་ཀྱི་ཉམས་སད་ཐེག་ཐུབ་པར་བྱས་ལ། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་དཔོན་རིམ་པའི་ཕྱོགས་ཡོངས་འཐབ་ཇུས་གྲོས་མོལ་སྤེལ་ནས་ལོ་བཅུ་འགོར་བའི་རིང་ལ། ཕན་ཚུན་ཡིད་ཆེས་སྔར་ལས་དམ་ཟབ་དང་མཐུན་སྦྱོར་སྔར་ལས་གཏིང་ཟབ་ཏུ་གྱུར་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་མདུན་ལྗོངས་རྒྱ་ཆེན་པོ་མངོན། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་དང་འབྲེལ་བའི་གནད་དོན་སྟེང་ཕན་ཚུན་ཡིད་ཆེས་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་དང་པ་ཞིའི་འབྲེལ་བ་བདེ་ཐང་གཏན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྟོབས་ལྡན་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་པ་ཞིའི་འབྲེལ་བ་དེ་ཕྱི་འབྲེལ་གྱི་ཕྱོགས་ཡོངས་དང་ལ་ཏེན་མེ་གླིང་གི་ཕྱི་ཕྱོགས་འབྲེལ་བའི་གོ་གནས་གལ་ཆེན་དུ་བཞག་ཡོད་པ་དང་། པ་ཞི་ཡིས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ། པ་ཞི་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་པ་ཞིའི་བར་འབྲེལ་བ་བཙུགས་ཏེ་ལོ་ལྔ་བཅུ་འགོར་བ་གོ་སྐབས་སུ་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་བསྐྱེད་པ། སྦས་ཤུགས་གསར་པ་སྔོག་འདོན་བྱས་ཏེ་ཀྲུང་གོ་དང་པ་ཞིའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྒུལ་ནུས་གསར་པ་སྣོན་པ་དང་མདུན་ལྗོངས་གསར་པ་བཏོད་འདོད་ཡོད།
ཝེ་ཨེ་ལ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཕན་ཚུན་ཡིད་ཆེས་བརྟན་པོ་དང་འཐབ་ཇུས་ཁྲིད་སྟོན་འོག་ཏུ། པ་ཞི་དང་ཀྲུང་གོའི་འབྲེལ་བས་ཡུན་རིང་འཕེལ་རྒྱས་མངོན་འགྱུར་བྱས། པ་ཞི་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་ཀྱི་གཞི་ཁྱོན་ཆེ་བ་དང་སྤུས་ཚད་མཐོ་བ། འཕེལ་རྒྱས་མྱུར་བ་དང་ཁྱབ་ཁོངས་ཆེ་བ་བཅས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་རོགས་ཤུགས་འདོན་སྤྲོད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དངོས་བསྐྲུན། པ་ཞི་ཡིས་ཀྲུང་གོའི་འབྲེལ་བ་གོ་གནས་གལ་ཆེན་དུ་འཇོག་པ་དང་སྔར་སྲོལ་བཞིན་ཀྲུང་གོ་གཅིག་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་པ་ཞི་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།
ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་དང་རྒྱལ་སྤྱིའི་གནས་བབ། ཕྱོགས་མང་མཐུན་སྦྱོར། གནད་དོན་གལ་ཆེན་སོགས་གྲོས་གཞིའི་ཐད་མཐུན་སྦྱོར་གཏིང་ཟབ་བྱས་པ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཅིག་བསྡུས་བྱས།
ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་པ་ཞིའི་མཐོ་རིམ་ཨུ་ཡོན་ལྷན་ཁང་དང་ཕྱི་འབྲེལ་དཔོན་རིམ་པའི་ཕྱོགས་ཡོངས་འཐབ་ཇུས་གྲོས་མོལ་སོགས་ནང་རྐྱེན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གྲོས་མོལ་ནང་རྐྱེན་མྱུར་དུ་འགོ་རྩོམ་རྒྱུ་རེད།
ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ལས་དང་གཏེར་ནུས། རྨང་གཞིའི་སྒྲིག་ཆས། མཁའ་འགྲུལ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མཉམ་འབྲེལ་མཉམ་མཐུད་དང་སྨན་བཅོས་འཕྲོད་བསྟེན། ལྗང་མདོག་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར། དག་གཙང་ནུས་ཁུངས། མིས་བཟོས་རིག་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་རྒྱུ་རེད།
ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་རྟེན་འབྲེལ་བྱ་འགུལ་རབ་དང་རིམ་པ་བཟང་བོར་བསྒྲུབ་ནས་མི་གཞུང་བརྗེ་རེས་ཕྱོགས་ཡོངས་ནས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་པ་ཞིའི་མཛའ་མཐུན་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་རེད། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་ཐོངས་མཆན་འགོད་པར་སྟབས་བདེ་བཟོ་བའི་གྲོས་མཐུན་བཀོད་དེ་ཕྱོགས་གཉིས་ཀྱི་མི་སྣའི་འགྲོ་འོང་སྔར་ལས་རྒྱ་བསྐྱེད་རྒྱུ་རེད།
ཕྱོགས་གཉིས་ཀྱིས་བལྟས་ན། ཀྲུང་གོ་དང་པ་ཞིའི་འབྲེལ་བས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་འཛམ་གླིང་ཧྲིལ་བོའི་རང་བཞིན་གྱི་ཤུགས་རྐྱེན་ཉིན་བཞིན་མངོན་པར་བྱེད་པར་འདོད་ལ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། གསེར་གྱོམ་རྒྱལ་ཁབ། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་སྒྲོམ་གཞིའི་ནང་གི་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་བཤད་དབང་དང་འཐུས་ཚབ་རང་བཞིན་ཇེ་དྲག་ཏུ་བཏང་ནས་གསར་དར་ཁྲོམ་ར་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཡིས་རྒྱལ་ཁབ་སྡེ་ཚོགས་ཀྱི་འགོ་ཁྲིད་མི་སྣའི་ལིས་ཡོའེ་རྩེ་ཚོགས་བསྡུ་བར་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་བཅོས་སྐྱོང་གི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། པ་ཞི་དང་མཉམ་དུ་འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བཟོད་སྒོམ་གྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད།
ཕྱོགས་གཉིས་ཀྱིས་ཆབ་སྲིད་ལ་བརྟེན་ནས་གནད་དོན་གལ་ཆེན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ་ཞི་བདེ་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་ཀྲུང་གོ་དང་པ་ཞིའི་བྱས་རྗེས་འཇོག་རྒྱུ་རེད།
ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཀྲུང་གོ་དང་པ་ཞིའི་མཉམ་ལས་དེ་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ཐུན་མོང་ཁེ་ཕན་དང་མཐུན་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ལ། ཀྲུང་གོ་དང་ལ་ཏེན་མེ་གླིང་གི་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ་ས་ཁུལ་རྒྱལ་ཁབ་མཉམ་འབྲེལ་རང་སྟོབས་དང་མགྱོགས་མྱུར་དར་རྒྱས་ལ་རོགས་འདེགས་བྱེད་འདོད་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།