དབྱི་རག་ཏུ་ཡོད་པའི་ཨ་མེ་རི་ཁའི་དམག་མི་སྡོད་སའི་མཁའ་དམག་རྟེན་གཞིར་མེ་ཤུགས་འཕུར་མདས་འཇབ་རྒོལ་བྱས།
2024.01.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

དབྱི་རག་དམག་ཕྱོགས་ཀྱི་ཆ་འཕྲིན་མི་སྣས་ཚེས20ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་བསྡད་ཡོད་པའི་དབྱི་རག་གི་ཨ་སཱ་ཏི་མཁའ་དམག་རྟེན་གཞིར་མེ་ཤུགས་འཕུར་མདའ་ཉི་ཤུ་ལྷག་གིས་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་དབྱི་རག་གི་དམག་མི་གཅིག་རྨས་ཟེར།

མིང་བཤད་འདོད་མེད་པའི་དམག་ཕྱོགས་ཀྱི་ཆ་འཕྲིན་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མེ་ཤུགས་འཕུར་མདའི་འབར་མདེལ་མང་ཆེ་བ་རྟེན་གཞིའི་མཁའ་ཟོན་མ་ལག་གིས་བཀག་ནའང་། མེ་ཤུགས་འཕུར་མདའ་གཅིག་རྟེན་གཞིའི་ཁོད་ཡངས་སར་ལྷུང་བ་རེད། དབྱི་རག་གི་དམག་མི་ཞིག་མེ་ཤུགས་འཕུར་མདའ་བཀག་པ་ལས་འཐོར་བའི་ཆག་རོས་རྨས་པས། མྱུར་མར་སྨན་ཁང་དུ་བསྐྱལ་ནས་སྐྱོབ་བཅོས་བྱེད་ཀྱིན་ཡོད་ཟེར།

མིག་སྔར་འཇབ་རྒོལ་དོན་རྐྱེན་འདི་རྩ་འཛུགས་སུས་བཟོས་པ་ཁས་བླངས་མེད།

ཨ་སཱ་ཏི་མཁའ་དམག་རྟེན་གཞི་ནི་དབྱི་རག་གི་མཁའ་དམག་རྟེན་གཞི་ཆེ་གྲས་གཉིས་པ་དེ་ཡིན་ཞིང་། དེ་ནི་ཨན་པཱ་ཨར་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ལཱ་མ་ཏིས་ནུབ་ངོས་ཀྱི་སྤྱི་ལེ་བརྒྱ་དང་བཅུ་ཙམ་གྱི་མཚམས་སུ་གནས་པའི་པ་ཀི་ཏ་ཏུས་གྲོང་རྡལ་གྱི་ཉེ་འགྲམ་དུ་གནས་ཡོད། མིག་སྔར་དམག་དོན་གྱི་བློ་འདོན་པ་དང་གསང་འཕྲིན། མྱུལ་ཞིབ། སྦྱོང་བརྡར་བཅས་བྱེད་མཁན་ཕྱི་རྒྱལ་གྱི་དམག་མི་ཉུང་ཤས་ཤིག་ཨ་སཱ་ཏི་མཁའ་དམག་གི་རྟེན་གཞིར་བཅའ་སྡོད་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།