དབྱི་རག་གི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་ཐེབས་ནས་ཨ་མེ་རི་ཁའི་དམག་མིར་རྨས་ཕོག
2024.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་དུ་ཨ་མེ་རི་ཁའི་དམག་མི་བཅའ་སྡོད་བྱས་ཡོད་པའི་ཨ་སཱ་ཏི་མཁའ་དམག་རྟེན་གཞིར་ཚེས་ཉི་ཤུ་ཉིན་འཕུར་མདའ་དང་མེ་ཤུགས་འཕུར་མདའ་མང་བོའི་འཇབ་རྒོལ་ཐེབས། ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྟེན་གཞི་དེར་འཇབ་རྒོལ་ཐེབས་ནས། ཨ་མེ་རི་ཁའི་དམག་མི་འགར་འཇབ་རྒོལ་ཁྲོད་རྨས་ཕོག་པ་ཁས་ལེན་བྱས། དབྱི་རག་བདེ་འཇགས་དམག་དཔུང་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་ལས་དབྱི་རག་གི་དམག་མི་གཅིག་ལ་རྨས་ཕོག་པ་དང་། རྨང་གཞིའི་ནང་གི་བཀོད་འདོམ་པུའུ་ཞིག་ལ་གཏོར་བརླག་ཐེབས་པ་བདེན་དཔང་བྱས། དབྱི་རག་གི་དམངས་དམག་དྲག་ཆས་པ་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་འགན་འཁུར་རྒྱུ་ཁྱབ་བསྒྲགས་བྱས།

ཨ་སཱ་ཏི་མཁའ་དམག་རྟེན་གཞི་ནི་དབྱི་རག་གི་མཁའ་དམག་རྟེན་གཞི་ཆེན་མོ་ཨང་གཉིས་པ་ཡིན་པ་དང་། མིག་སྔར་ཨ་མེ་རི་ཁའི་དམག་མི་དང་བཅས་པའི་རྒྱལ་ཁབ་མང་བོའི་དམག་དཔུང་བཅའ་སྡོད་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།