ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས་ཉེར་གཅིག་ཉིན་ཏོན་ནེ་ཚི་ཁི་གྲོང་ཁྱེར་གྱི་ཧྲི་ཀྲང་ཁུའུ་ལེ་མུའུ་ཅིན་གྱི་དྲངས་པ་ལྟར་ན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉིན་དེར་གྲོང་ཁྱེར་དེའི་ཅི་ལོ་བོ་ས་ཁུལ་དུ་མེ་སྒྱོགས་ཀྱིས་འཇབ་རྒོལ་བྱས་ཏེ་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་ཉི་ཤུར་རྨས་ཕོག་ཡོད་ཟེར།
ཁུའུ་ལེ་མུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཅི་ལོ་བོ་ས་ཁུལ་དུ་ཉིན་དེར་ཝུའུ་ཁི་ལན་གྱི་དམག་དཔུང་གི་མེ་སྒྱོགས་འཇབ་རྒོལ་ཐེབས་པ་དང་། སྒྱོགས་མདེལ་སྡེ་ཁུལ་ཞིག་ཏུ་ལྷུང་བ་ཡིན་ལ། ཉེ་འཁོར་དུ་ཚོང་ར་དང་ཚོང་ཁང་རེ་འགའ་ཡོད་པ་དང་། རྨས་མའི་ཁྲོད་བྱིས་པ་གཉིས་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། བྲེལ་མྱུར་གནས་ཚུལ་སྡེ་ཁག་གིས་ས་ཁུལ་དེར་བྱ་བ་སྤེལ་བཞིན་ཡོད་པ་དང་། ཤི་རྨས་ཐེབས་པའི་གནས་ཚུལ་ལ་བསྟུད་མར་གསར་བསྒྱུར་བྱེད་བཞིན་ཡོད་པ་རེད།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་དཔོན་ཕྱོགས་དྲ་ཚིགས་སུ་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་འཇབ་རྒོལ་ནི་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཚོད་འཛིན་བྱེད་པའི་ཨ་ཧྥུའུ་ཅེ་ཡེ་ཧྥུའུ་ཁཱ་ནས་སྤེལ་བ་ཡིན་ལ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་འདོན་སྤྲོད་བྱས་པའི་མཚོན་ཆ་བེད་སྤྱོད་བྱས་པ་རེད། དེ་ལས་ནུབ་ཕྱོགས་རྒྱལ་ཁབ་དག་མིག་སྔའི་འཁྲུག་རྩོད་ནང་ཟབ་ཞུགས་བྱས་ཡོད་པ་ཡང་བསྐྱར་བདེན་དཔང་ཐོབ་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་མི་སེར་དཀྱུས་མར་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་མཐའ་གཅིག་ཏུ་རྒོལ་གཏམ་གཏོང་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།