ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་ནས་སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུ་ལས་སྲོག་ཉེན་ལས་ཐར་བའི་མི་བཞི་རྙེད།
2024.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཨ་ཧྥུའུ་ཧན་ཀྱི་གནས་སྐབས་སྲིད་གཞུང་གི་འགྲིམ་འགྲུལ་དང་དམངས་སྤྱོད་མཁའ་འགྲུལ་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། རྒུད་སྐྱོབ་མི་སྣས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་ནས་སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་རྙེད་པ་དང་། དེའི་ཞོར་དུ་སྲོག་ཉེན་ལས་ཐར་བའི་མི་བཞི་རྙེད་ཟེར།

གསལ་སྒྲོག་དེ་ལས་བཤད་རྒྱུར། རྒུད་སྐྱོབ་མི་སྣས་གནམ་གྲུའི་ཁ་ལོ་བ་དང་བཅས་པའི་སྲོག་ཉེན་ལས་ཐར་བའི་མི་བཞིར་རོགས་སྐྱོར་བྱས་པ་དང་གནམ་གྲུའི་སྟེང་གི་མི་གཞན་པ་གར་ཡོད་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུ་དེ་ཨུ་རུ་སིར་ཐོ་འགོད་བྱས་ཡོད་ཅིང་། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་སྐྱེལ་འདྲེན་ཁང་གིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་སྨྱན་བྱད་བརྒྱུད་དེ་སྲོག་ཉེན་ལས་ཐར་བའི་མི་བཞི་རྙེད་པ་ཁས་ལེན་བྱས་ཡོད།

ཨ་ཧྥུའུ་ཧན་གྱི་སྨྱན་བྱད་ཀྱིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་དེ་བྱང་ཕྱོགས་ཀྱི་པཱ་ཏཱ་ཧི་ཧྲང་ཞིང་ཆེན་ནས་སར་ལྷུང་བ་ཡིན་ལ། གནམ་གྲུ་དེའི་སྔོན་གྱི་འཆར་གཞི་ལྟར་ན་ཨ་ཧྥུའུ་ཧན་གྱི་མཁའ་ཁོངས་ལས་བརྒལ་མི་སྲིད་ཀྱང་། དོན་རྐྱེན་བྱུང་སྐབས་འཕུར་ལམ་ལས་གཡོལ་ཡོད་ངེས་རེད།

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་སྐྱེལ་འདྲེན་ཁང་གིས་ཉིན་དེར་ཁྱབ་བསྒྲགས་བྱས་དོན། ཨུ་རུ་སིར་ཐོ་འགོད་བྱས་པའི་ཁྲ་གླག-10རྟགས་ཅན་གྱི་གནམ་གྲུ་ཞིག་ཐཱ་ཅི་ཁི་སི་ཐན་དང་འབྲེལ་བའི་ཨ་ཧྥུའུ་ཧན་གྱི་མཁའ་ཁོངས་ནས་འབྲེལ་ཐག་ཆད་པ་དང་། གནམ་གྲུའི་སྟེང་བསྡོམས་པས་མི་དྲུག་ཡོད་ལ། དེའི་ནང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་བཞི་དང་འགྲུལ་བ་གཉིས་འདུས་ཡོད་ཟེར།

ཨ་ཧྥུའུ་ཧན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གསར་འགོད་པར་ཁས་ལེན་བྱས་དོན། མིག་སྔར་ཀྲུང་གོའི་སྤྱི་དམངས་ལ་དོན་རྐྱེན་དེའི་ཁྲོད་ཤི་རྨས་ཐེབས་པའི་སྙན་ཞུ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།