དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱ་རུ་སྡོད་པའི་དམག་དོན་བློ་འདོན་པས་མུ་མཐུད་དུ་འཇིགས་སྐུལ་ངོ་རྒོལ་བྱེད་སྲིད་པའི་ཚུལ་བསྟན།
2024.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

དབྱི་ལིང་གི་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། སི་རི་ཡཱ་རུ་སྡོད་པའི་དབྱི་ལིང་གི་དམག་དོན་བློ་འདོན་པས་མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་དྲག་པོ་བཏང་སྟེ། ས་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ལ་འཇབ་རྒོལ་བྱས་པ་དང་། དབྱི་ལིང་གི་དམག་དོན་བློ་འདོན་པ་རྐྱེན་ལམ་དུ་ཤོར་བའི་ཐད་ནས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། དབྱི་སི་རལ་སྲིད་དབང་ནི་ས་ཁུལ་བདེ་འཇགས་ཀྱི་དགྲ་བོ་གཙོ་བོ་ཡིན་ཟེར།

སི་རི་ཡཱའི་ནང་འཁྲུག་བྱུང་བའི་ཚུན་ལ། དབྱི་སི་རལ་དམག་དཔུང་གིས་ཐེངས་མང་བོར་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། སི་རི་ཡཱ་དང་དབྱི་ལིང་སྲིད་གཞུང་གིས་དབྱི་ལིང་གི་བཅའ་སྡོད་དམག་དཔུང་སི་རི་ཡཱའི་མངའ་ཁོངས་སུ་བསྡད་ཡོད་པ་ཁས་ལེན་བྱས་མེད་ལ། དབྱི་ལིང་ཕྱོགས་ཀྱིས་སི་རི་ཡཱའི་སྲིད་གཞུང་གི་གདན་ཞུས་ལྟར་དམག་དོན་བློ་འདོན་པ་མངག་གཏོང་བྱས་པ་ཙམ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།