དབྱི་ལིང་ཙུང་ཐུང་གིས་དབྱི་སི་རལ་གྱི་ནག་ཉེས་ལ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།
2024.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡིས་ཚེས་ཉི་ཤུ་ཉིན་དབྱི་སི་རལ་གྱིས་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ལ་བཙན་འཛུལ་རང་བཞིན་གྱི་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། དབྱི་ལིང་གིས་དབྱི་སི་རལ་གྱི་འཇིགས་སྐུལ་རིང་ལུགས་དང་ནག་ཉེས་བྱ་སྤྱོད་དེ་རིགས་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

ལའེ་ཞི་ཡིས་བསྟན་དོན། ཨ་མེ་རི་ཁ་གཙོ་བྱས་པའི་བཙན་དབང་རྒྱལ་ཁབ་ནི་ནག་ཉེས་བྱ་སྤྱོད་དེའི་སྐུལ་འདེད་མཁན་ཡིན་ལ། དེ་དག་གིས་མུ་མཐུད་དུ་དབྱི་སི་རལ་གྱི་སྲིད་དབང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས་ཡིན། ཐེངས་འདིའི་འཇབ་རྒོལ་དེ་རང་ཉིད་ནི་འགྲོ་མིའི་ཐོབ་ཐང་དར་སྤེལ་མཁན་ཡིན་པར་བསྒྲགས་པའི་སྲིད་གཞུང་གི་ཉེས་སྤྱོད་ཅིག་ཏུ་འགྱུར་སྲིད། རྒྱུ་མཚན་ནི་སི་རི་ཡཱའི་མཁའ་ཁོངས་ལ་གནོད་བསྐྱལ་ནས་འགྲོ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྡོག་བརྫིས་བཏང་བས་རེད་ཟེར།

དབྱི་ལིང་གི་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཚེས་ཉི་ཤུ་ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཏཱ་མཱ་ཧྲི་ཀི་ལ་འཇབ་རྒོལ་བྱེད་སྐབས། དབྱི་ལིང་གི་མཐོ་རིམ་དམག་དོན་བློ་འདོན་པ་བཞི་རྐྱེན་ལམ་དུ་ཤོར། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། རྐྱེན་ལམ་དུ་ཤོར་བའི་དམག་དོན་བློ་འདོན་པ་བཞིའི་ཁྲོད་དུ་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་སི་རི་ཡཱའི་གསང་འཕྲིན་ལས་ཁུངས་ཀྱི་འགན་ཁུར་བ་དང་དེའི་ལག་རོགས་པ་འདུས་ཡོད་ལ། དེའི་ཞོར་དུ་སི་རི་ཡཱའི་དམག་ཕྱོགས་ཀྱི་མི་སྣ་མང་བོ་འཇབ་རྒོལ་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།