ཕཱ་ཁི་སི་ཐན་དང་དབྱི་ལིང་གིས་རྒྱལ་ཁབ་གཉིས་ཀྱི་གཞུང་ཚབ་ཆེན་མོ་གཟའ་འཁོར་འདིའི་ནང་ཕྱིར་ལས་གནས་སུ་ལོག་པའི་གྲོས་ཐག་བཅད་ཡོད།
2024.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་དང་དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོ་གཟའ་འཁོར་འདིའི་ནང་ཕྱིར་ལས་གནས་སུ་ལོག་ཏུ་འཇུག་རྒྱུ་ཡིན་ཟེར།

མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཅི་ལཱ་ནེ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་རྗེས། ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོ་ཚེས་ཉེར་དྲུག་ཉིན་གྱི་སྔོན་ལ་ཕྱིར་ལས་གནས་སུ་ལོག་ཏུ་འཇུག་རྒྱུ་ཐག་བཅད། དེ་ལས་གཞན་ཅི་ལཱ་ནེ་ཡིས་གདན་དྲངས་པ་ལྟར། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་ཉེར་དགུ་ཉིན་ཕཱ་ཁི་སི་ཐན་ལ་འཚམས་འདྲི་བྱེད་རྒྱུ་རེད།

དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། དྲང་བདེན་དམག་དཔུང་ཞེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་ཕཱ་ཁི་སི་ཐན་མངའ་ཁོངས་ཀྱི་སྦས་སྐོང་བྱེད་ས་གཉིས་ལ་ཉིན་དེར་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་འགས་གཏོར་ཐེབས། ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་ཚོད་མེད་ཀྱིས་ཕཱ་ཁི་སི་ཐན་གྱི་མཁའ་ཁོངས་སུ་བཙན་འཛུལ་བྱས་པ་ལས་བྱིས་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། བུ་མོ་ཆུང་ཆུང་གསུམ་ལ་རྨས་ཕོག་ཡོད་ལ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་དོན་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་དབྱི་ལིང་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འབོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཉིན་དེའི་སྔ་དྲོར་དབྱི་ལིང་ཞེ་སི་ཐན་དང་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱི་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་སར་འཇབ་རྒོལ་བྱས་ནས་འཇིགས་སྐུལ་ཉེས་ཅན་མང་བོ་བསད་ཟེར། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཕཱ་ཁི་སི་ཐན་དུ་སྡོད་པའི་དབྱི་ལིང་གི་གནས་སྐབས་གཞུང་ཚབ་པ་ཕྱིར་བོས་ནས། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་འཇབ་རྒོལ་བྱས་པར་ངོ་རྒོལ་བྱས་པར་མ་ཟད་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་དོན་དེར་འགྲེལ་བཤད་བྱེད་དགོས་པའི་རེ་བ་བཏོན།

ཕཱ་ཁི་སི་ཐན་གྱི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཁཱ་ཁཱ་ཨར་གྱིས་ཚེས་བཅུ་དགུ་ཉིན་མགོ་འཛིན་བྱས་ཏེ་ཕཱ་ཁི་སི་ཐན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ནས་གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་བར་གྱི་གནད་དོན་ཆུང་ངུ་དག་ཐག་གཅོད་བྱེད་རྒྱུ་ཐག་བཅད། ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཉིན་དེར་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གནས་བབ་ཞི་འཇགས་སུ་གཏོང་བར་གཅིག་གྱུར་ཡིད་འཐད་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།