ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་མཱེ་ལུང་རྟེན་གཞིར་འཇབ་རྒོལ་བྱས།
2024.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་ཕྱོགས་སྟོན་གློག་སྒྲོན་བརྙན་འཕྲིན་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཀྲིན་ཀྲུའུ་ཏང་གིས་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་མཱེ་ལུང་བར་སྣང་འགྲིམ་འགྲུལ་དོ་དམ་རྟེན་གཞིར་འཇབ་རྒོལ་བྱས་ཏེ། ཉེ་སྔོན་ལེ་པཱ་ནུན་དང་སི་རི་ཡཱ་ནས་བྱུང་བའི་ལྐོག་གསོད་དོན་རྐྱེན་དང་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཐད་ནས་རྒོལ་ལན་སྤྲད་ཟེར།

བསྒྲགས་པ་ལྟར་ན། ཀྲིན་ཀྲུའུ་ཏང་གིས་རྟེན་གཞི་དེར་འཕུར་མདའ་མང་བོ་གཏོང་འཕེན་བྱས་པ་དང་། ཐད་ཀར་དུ་དམིགས་འབེན་ལ་ཕོག་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་བྱང་ངོས་ཀྱི་མཱེ་ལུང་རི་བོའི་གནད་འགག་ཆེ་བའི་བར་སྣང་འགྲིམ་འགྲུལ་གྱི་དོ་དམ་ཚོད་འཛིན་རྟེན་གཞི་ཞིག་ལ་ཀྲིན་ཀྲུའུ་ཏང་གི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། དེའི་ནང་འཕུར་མདའ་འགའ་མཁའ་སྲུང་མ་ལག་གིས་བཀག་ཡོད་ལ། རྟེན་གཞི་དེར་གཏོར་བཤིག་ཅུང་ཙམ་ཐེབས་ཡོད་ཀྱང་། འཇབ་རྒོལ་ལས་མི་སྣར་ཤི་རྨས་ཐེབས་མེད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གི་རོགས་སྐྱོར་མ་ལག་གིས་རྟེན་གཞི་དེ་མུ་མཐུད་དུ་འཁོར་སྐྱོད་བྱེད་པར་འགན་སྲུང་བྱེད་ཐུབ་པ་དང་། དབྱི་སི་རལ་གྱི་མཁའ་དམག་གི་འཚོལ་ཞིབ་ཚད་འཇལ་ནུས་པར་གནོད་པ་ཐེབས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།