ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་དམག་དོན་བཟོ་ལས་སྒྲིག་ཆས་ལ་གཅིག་བསྡུས་ཆམ་ཕབ་བཏང་།
2024.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱིས་ཉིན་དེར་གནད་ལ་འཁེལ་ཚད་མཐོ་བའི་མཚོན་ཆ་བཀོལ་ནས་ཝུའུ་ཁི་ལན་གྱི་དམག་དོན་བཟོ་ལས་སྒྲིག་ཆས་ལ་གཅིག་བསྡུས་ཆམ་ཕབ་བཏང་བ་དང་། གཏན་འཁེལ་བྱས་པའི་དམིགས་འབེན་ཚང་མའི་གནད་ལ་ཕོག་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཞོགས་པར། ཨུ་རུ་སིའི་ད་ཆས་སྟོབས་ཤུགས་ཀྱིས་རྒྱང་འཕེན་གནད་འཁེལ་གྱི་མཁའ་དམག་རྟེན་གཞི་དང་སྐམ་སའི་མཚོན་ཆ་བཀོལ་ནས་ཝུའུ་ཁི་ལན་གྱི་འཕུར་མདའ་དང་འབྲེལ་ཡོད་ལྷུ་ལག འགད་རྫས་སོགས་ཐོན་སྐྱེད་བྱེད་པའི་དམག་དོན་བཟོ་ལས་ཕྱོགས་བསྡུས་ཚོགས་པའི་སྒྲིག་ཆས་ལ་གཅིག་བསྡུས་ཆམ་ཕབ་བཏང་བ་དང་། གཏན་འཁེལ་བྱས་པའི་དམིགས་འབེན་ཚང་མ་གཏོར་བཤིག་བཏང་ཡོད་ཟེར།

ཝུའུ་ཁི་ལན་གྱི་ནང་སྲིད་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཅི་ཧྥུའུ་དང་ཅི་ཧྥུའུ་མངའ་སྡེ། ཧཱ་ཨར་ཁི་ཧྥུའུ་གྲོང་ཁྱེར། ཏིས་ཉི་པའོ་ལོ་པུས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེ་བཅས་ལ་ཉིན་དེར་ཨུ་རུ་སིའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའར་རྨས་ཕོག་ཡོད་ལ། ཅི་ཧྥུའུ་ཡི་གནས་མང་བོར་མེ་སྐྱོན་བྱུང་ཡོད་ཟེར།

ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཀྲ་ལུའུ་རི་ནེ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཉིན་དེར་ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ལ་འཕུར་མདའ་མི་འདྲ་བ་ཞེ་གཅིག་གཏོང་འཕེན་བྱས་པ་དང་། ཝུའུ་ཁི་ལན་གྱི་མཁའ་སྲུང་མེ་ཤུགས་ཀྱིས་དེའི་ནང་གི་འཕུར་མདའ་ཉེར་གཅིག་བཀག་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་ཨུ་རུ་སིའི་ཕྱོགས་ཀྱིས་ཉིན་དེར་ཝུའུ་ཁི་ལན་ལ་དམིགས་པའི་ཆམ་ཕབ་འགུལ་སྐྱོད་ནི་ཝུའུ་ཁི་ལན་ཕྱོགས་ཀྱིས་ཉེ་སྔོན་ཏོན་ནེ་ཚི་ཁི་གྲོང་ཁྱེར་དུ་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད་པ་ཁས་ལེན་མ་བྱས། ཁོས་བསྟན་དོན། ཨུ་རུ་སིའི་དམག་དཔུང་གི་དམིགས་བསལ་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཀྱང་། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་མངའ་ཁོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྨང་གཞིའི་སྒྲིག་ཆས་དང་སྡེ་ཁུལ། མི་སེར་དཀྱུས་མ་བཅས་ལ་ཆམ་ཕབ་གཏོང་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།