ཐུར་ཁེའི་གྲོས་ཁང་གིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆོག་མཆན་བཀོད།
2024.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཐུར་ཁེའི་རྒྱལ་དམངས་གྲོས་ཁང་གི་ཚོགས་ཆེན་ནས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་འདེམ་ཤོག་ཉིས་བརྒྱ་དང་གྱ་བདུན་ཡིད་འཐད་བྱུང་བ་དང་། འདེམ་ཤོག་ང་ལྔ་ཡིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གྲོས་ཆོད་ཡི་གེའི་ཇུས་གཞིར་ཆོག་མཆན་བཀོད།

ཉིན་དེའི་དགོང་མོར། ཐུར་ཁེའི་རྒྱལ་དམངས་གྲོས་ཁང་གི་ཚོགས་ཆེན་ནས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གྲོས་ཆོད་ཡི་གེའི་གྲོས་གཞིར་གྲོས་བསྡུར་བྱས་པ་དང་། བསྡོམས་པས་གྲོས་མི་སུམ་བརྒྱ་དང་ཞེ་དྲུག་འདེམ་ཤོག་འཕེན་པའི་བརྡས་གཅོད་ལ་ཞུགས། དེའི་ནང་གྲོས་ཁང་གི་ཏང་ཁག་ཆེན་མོ་དྲང་བདེན་དང་འཕེལ་རྒྱས་ཏང་དང་། དེ་མིན་སྤྱི་མཐུན་མི་དམངས་ཏང་། མི་རིགས་འགུལ་སྐྱོད་ཏང་བཅས་ཀྱི་གྲོས་མིས་གྲོས་གཞི་དེར་རྒྱབ་སྐྱོར་བྱས་ནས་ཆོག་མཆན་བཀོད་ཡོད་ལ། ཏང་བཟང་བོ་དང་བདེ་སྐྱིད་ཏང་སོགས་ཏང་ཁག་གི་གྲོས་མིས་ངོ་རྒོལ་བྱེད་པའི་འདེམ་ཤོག་འཕངས་ཡོད། གཞན་ཡང་གྲོས་མི་བཞི་ཡིས་འདེམ་ཤོག་འཕེན་པའི་དབང་ཆ་བསྐྱུར་ཡོད།

གྲོས་གཞི་དེར་གྲོས་ཁང་ནས་ཆོག་མཆན་ཐོབ་རྗེས། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་མིང་བཀོད་ན་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་དངོས་སུ་ཡིད་འཐད་བྱུང་བ་རེད། མིག་སྔར་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁྲོད་ཧང་ག་རི་ཡིས་ད་རུང་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་ཆོག་མཆན་བཀོད་མེད།

ཐུར་ཁེའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཁུའུ་ཨར་ཐུའུ་ཨར་མུའུ་ཧྲི་ཡིས་ཟླ་འདིའི་ཚེས་བཅུ་ཉིན་བསྟན་དོན། སུའེ་ཏེན་གྱིས་ཐུར་ཁེ་ཡིས་བཏོན་པའི་ཆ་རྐྱེན་གཙོ་བོ་དག་བསྐང་ན། ཐུར་ཁེ་ཡིས་བྱང་ཆིངས་རྩ་འཛུགས་རྒྱ་བསྐྱེད་བྱེད་པར་ངོ་རྒོལ་བྱེད་མི་སྲིད་ཟེར།

དབྱེ་ཞིབ་མི་སྣས་བལྟས་ན། ཐེངས་འདིར་ཐུར་ཁེ་ཡིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆོག་མཆན་བཀོད་པ་ལས། ཐུར་ཁེ་ཡིས་སུའེ་ཏེན་གྱི་འཇིགས་སྐུལ་ངོ་རྒོལ་ཐད་ཀྱི་བྱ་བར་ཁས་ལེན་བྱས་ཡོད་པ་མཚོན་ཡོད། སུའེ་ཏེན་གྱིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད། ཡང་དང་བསྐྱར་དུ་རྒྱལ་ཁབ་རང་གི་འཇིགས་སྐུལ་ངོ་རྒོལ་གྱི་སྲིད་ཇུས་ལེགས་སྒྲིག་བྱས་ནས་ཐུར་ཁེའི་བདེ་འཇགས་ཐད་ཀྱི་སེམས་ཁུར་མེད་པར་བཏང་ཡོད། དེའི་ནང་རྒྱལ་ཁབ་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་བཟོ་བཅོས་བྱས་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་ལ་དམིགས་པའི་འཇིགས་སྐུལ་ངོ་རྒོལ་གྱི་མཉམ་ལས་རྒྱ་བསྐྱེད་པ་སོགས་འདུས།


བསོད་ནམས་ཚེ་རིང་གིས་བསྒྱུར།