ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཨན་ཐིས་ཀྭ་དང་པཱ་པུའུ་ཏཱའི་ཙུང་ལི་པུའུ་ལིང་ཀྲུང་གོ་དང་ཨན་ཐིས་ཀྭ་དང་པཱ་པུའུ་ཏཱའི་ཉོ་ཚོང་དངུལ་གཏོང་མཉམ་ལས་གླེང་སྟེགས་ལ་ཞུགས་ཏེ་གཏམ་བཤད་གལ་ཆེན་སྤེལ།
ཀྲུང་གོ་དང་ཨན་ཐིས་ཀྭ་དང་པཱ་པུའུ་ཏཱའི་ཉོ་ཚོང་དངུལ་གཏོང་མཉམ་ལས་གླེང་སྟེགས་ཚེས་ཉེར་གསུམ་ཉིན་སྤེལ་བ་དང་། ཨན་ཐིས་ཀྭ་དང་པཱ་པུའུ་ཏཱའི་ཙུང་ལི་པུའུ་ལིང་གིས་མཉམ་ལས་གླེང་སྟེགས་སྟེང་། འགྲིམ་འགྲུལ་དང་ཞིང་ལས། སློབ་གསོ། སྨན་བཅོས་སོགས་ཕྱོགས་བཅུ་ཕྲག་འགའི་ཀྲུང་གོར་ཁ་གཏད་པའི་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་གི་གོ་སྐབས་ཁྱབ་བསྒྲགས་བྱས། པུའུ་ལིང་གིས་བཤད་རྒྱུར། ང་ཚོས་ཀྲུང་གོའི་དངུལ་གཏོང་མཁན་ཨན་ཐིས་ཀྭ་དང་པཱ་པུའུ་ཏཱ་རུ་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོའི་གནས་སྐོར་བ་དག་ཨན་ཐིས་ཀྭ་དང་པཱ་པུའུ་ཏཱ་རུ་ཡོང་ནས་གླིང་ཕྲན་གྱི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་བར་ཡང་དགའ་བསུ་བྱེད་བཞིན་ཡོད། ཨན་ཐིས་ཀྭ་དང་པཱ་པུའུ་ཏཱ་ཡིས་ཐད་གཏོང་གནམ་གྲུ་ཇེ་མང་དུ་གཏོང་བའི་ཐད་ནས་འབྲེལ་ཡོད་རྒྱལ་ཁབ་བར་གྲོས་མོལ་བྱེད་བཞིན་ཡོད་ལ། དེ་ལས་རྒྱལ་སྤྱིའི་གནས་སྐོར་བར་སྟབས་བདེ་སྔར་ལས་མང་བོ་འདོན་སྤྲོད་བྱེད་པར་རེ་བཞིན་ཡོད་ཟེར།
ཨན་ཐིས་ཀྭ་དང་པཱ་པུའུ་ཏཱ་ནི་ཅཱ་ལེ་པུས་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ས་ཁུལ་དེའི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན། འདས་མ་ཐག་པའི་ཉིས་སྟོང་ཉེར་གསུམ་ལོར། ཀྲུང་གོ་དང་ཨན་ཐིས་ཀྭ་དང་པཱ་པུའུ་ཏཱ་ཡིས་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
པུའུ་ལིང་གིས་བཤད་རྒྱུར། ཀྲུང་གོའི་རང་སྟེང་གི་འཕེལ་རྒྱས་ལས་རྒྱལ་ཁབ་རང་གི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད་པར་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཡང་རོགས་རམ་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་རོགས་འདེགས་བྱས་ནས། འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་བཏང་ཡོད་ཟེར།
པུའུ་ལིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་པར་གཟེངས་བསྟོད་ཆེན་པོ་བྱས། ཁོས་བཤད་རྒྱུར། ཨན་ཐིས་ཀྭ་དང་པཱ་པུའུ་ཏཱ་དང་ཀྲུང་གོའི་མཉམ་ལས་ནི་རྒྱལ་ཁབ་ཆེ་ཆུང་གཉིས་ཀྱི་མཉམ་ལས་ཀྱི་མིག་དཔེ་ལྟ་བུ་ཡིན། རྒྱལ་ཁབ་གཉིས་ཀྱི་མི་གྲངས་དང་རྒྱལ་ཁབ་མངའ་ཁོངས་སོགས་ལ་བར་ཁྱད་ཆེན་པོ་ཡོད་ཀྱང་། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་བ་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། ངེས་པ་དོན་གྱི་མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད།
ཉིན་དེར་ཞིང་ལས་དང་ཟས་རིགས། དངུལ་ལོར། ཉོ་ཚོང་། སྒྲིག་ཆས་བཟོ་སྐྲུན། ལྷད་མེད་ནུས་ཁུངས། གློག་སྒུལ་རླངས་འཁོར། མིས་བཟོས་རིག་ནུས། རྨང་གཞིའི་སྒྲིག་ཆས། མཁའ་འགྲུལ། གནས་སྐོར་སོགས་ཁྱབ་ཁོངས་ནས་ཡོང་བའི་ཀྲུང་གོའི་ཁེ་ལས་པའི་འཐུས་མི་བརྒྱ་ཙམ་ཀྲུང་གོ་དང་ ཨན་ཐིས་ཀྭ་དང་པཱ་པུའུ་ཏཱའི་ཉོ་ཚོང་དངུལ་གཏོང་མཉམ་ལས་གླེང་སྟེགས་ལ་ཞུགས།
བསོད་ནམམས་ཚེ་རིང་གིས་བསྒྱུར།