རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་མ་དངུལ་འབོར་ཆེན་གསོག་ནས་གནས་སྤོར་སྡོད་དམངས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་ཚེས་ཉེར་གཉིས་ཉིན་རི་ནེ་ཝ་ནས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མེ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དགུའི་མ་དངུལ་གསོག་ནས་གནས་སྤོར་སྡོད་དམངས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨེ་མུས་པའོ་ཕུའུ་ཡིས་ཚོགས་ཐོག་ནས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་རྒྱུན་ལྡན་མིན་པའི་གནས་སྤོར་སྡོད་དམངས་དང་བཙན་གྱིས་གནས་སྤོར་བྱེད་པའི་སྡོད་དམངས་སྔར་མེད་ཀྱི་ཚད་དུ་བསླེབས་ཡོད་པ་དང་། ང་ཚོའི་མདུན་དུ་ལྷགས་པའི་འགྲན་རྩོད་ཀྱང་ཉིན་རེ་བཞིན་རྙོག་འཛིང་དུ་འགྱུར་བཞིན་ཡོད་ཟེར།

རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་སྒེར་གཉེར་སྡེ་ཁག མཉམ་ལས་གྲོགས་པོ་གཞན་པ་སོགས་ཀྱིས་མེ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དགུའི་མ་དངུལ་གསོག་ནས། རྩ་འཛུགས་དེས་མི་དུང་ཕྱུར་གཅིག་དང་བྱེ་བ་བཞིར་ཞབས་ཞུ་འདོན་སྤྲོད་ཐུབ་པའི་མ་ལག་འཛུགས་སྐྲུན་བྱེད་དུ་འཇུག་དགོས། དེའི་ནང་མངའ་ཁོངས་རང་གི་ཡུལ་འཁྱམས་མཁན་དང་དེ་དག་བསྡུ་ལེན་བྱེད་པའི་ས་དེའི་སྡེ་ཁུལ་ལ་ཞབས་ཞུ་འདོན་སྤྲོད་བྱས་ཏེ། རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་བྱ་བ་རྒྱ་བསྐྱེད་ཐུབ་པ་དང་། སྔར་ལས་མང་བའི་མི་ཡུལ་འཁྱམས་བྱེད་པར་སྔོན་འགོག་བྱེད་དགོས་ཟེར།

རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་གཞི་གྲངས་ལྟར་ན། འདས་པའི་ལོ་ངོ་དགུའི་ནང་ཉུང་མཐར་ཡང་མི་ཁྲི་དྲུག་ཉེན་ཁའི་གནས་སྤོར་ཁྲོད་རྐྱེན་ལམ་དུ་ཤོར་བའམ་གར་སོང་རྙེད་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།