མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་མི་ཁྲི་གཉིས་དང་སྟོང་ལྔ་ལྷག་རྐྱེན་ལམ་དུ་ཤོར་ཡོད་པའི་ཚུལ་བསྟན།
2024.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཁང་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ན་ནིང་ཟླ་བཅུ་བར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཅཱ་ཧྲ་ས་ཁུལ་དུ་ཕཱ་ལེ་སི་ཐན་གྱི་མི་ཁྲི་གཉིས་དང་སྟོང་ལྔ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཁྲི་དྲུག་དང་སྟོང་གཉིས་ལྷག་ལ་རྨས་ཕོག་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཁང་གིས་བཤད་རྒྱུར། ཟླ་འདིའི་ཚེས་བཅུ་དགུ་ཉིན་གྱི་ཚུན་ལ། ཕཱ་ལེ་སི་ཐན་གྱི་མི་སུམ་བརྒྱ་དང་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་དང་དོན་གསུམ་ལ་རྨས་ཕོག་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡིས་ཉིན་དེར་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་འཕྲིན་གཏོང་བསྟུད་མར་ཉིན་བདུན་རིང་ཆད་ཡོད་ཟེར། ལས་ཁུངས་དེས་འཕྲིན་སྟེགས་སུ་རྩོམ་ཡིག་སྤེལ་ཏེ། ཅཱ་ཧྲའི་གློག་འཕྲིན་ཞབས་ཞུ་མཚམས་ཆད་པ་ལས་མི་རྣམས་ཀྱིས་རྒུད་སྐྱོབ་བརྡ་འཕྲིན་གཏོང་བར་བཀག་རྒྱ་ཐེབས་ཡོད་པ་དང་། དེའི་ཞོར་དུ་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལའང་བཀག་རྒྱ་བཟོས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡི་སྙན་ཞུ་གསར་བ་ལྟར་ན། མིག་སྔར་ཅཱ་ཧྲ་ས་ཁུལ་དུ་མི་ས་ཡ་གཅིག་དང་འབུམ་བདུན་ཡུལ་འཁྱམས་བྱེད་བཞིན་ཡོད། ན་ནིང་ཟླ་བཅུ་བར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཡུལ་འཁྱམས་བྱེད་པའི་མི་དེ་དག་གི་ཁྲོད་དུ་ཉུང་མཐར་ཡང་མི་སུམ་བརྒྱ་དང་སོ་ལྔ་ཉེན་ཡོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་བརྒྱ་རེ་གཅིག་ལ་རྨས་ཕོག་ཡོད། དེ་ལས་གཞན་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡི་ལས་བྱེད་མི་སྣ་བརྒྱ་དང་ང་གཅིག་རྐྱེན་ལམ་དུ་ཤོར་བ་དང་། སྒྲིག་ཆས་བརྒྱ་དང་ཞེ་གཅིག་ལ་གཏོར་བརླག་ཐེབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།